རྭ་རྒྱའི་མཐར་ཕྱིན་སློབ་མ་འགས་མཉམ་འབྲེལ་གྱིས་གཉེར་བའི་རུ་ལས་སྐྱེས་སྤྱི་གཉེར་ཁང་།

རུ་ལས་སྐྱེས། RyleyKyi༢༠༢༢.༣.༡༣ཉིན་སྟོད་ཉི་མ་ལྷ་ས་ནས་དབུ་ཚུགས།  ༢༠༢༢.༥.༦ཉིན་སི་ཁྲོན་ཞིང་ཆེན་སྤོས་ལྡན་གྲོང་ཁྱེར་ནས་སི་ཁྲོན་རུ་ལས་སྐྱེས་ཚོང་ལས་ཚད་ཡོད་མཐུན་གཉེར་ཁང་བཙུགས།  རུ་ལས་སྐྱེས་ཏེ་མཛངས་མི་མི་བདུན་གྱི་ཐོག་མ་རུ་ལས་སྐྱེས་ཀྱིས་དུས་སྐབས་དེར་རྡོ་བཞུས་གསེར་དངུལ་ཟངས་ལྕགས་བཏོན། ། རྨོན་པ་དོར་བསྡེབ་སྤང་ཐང་ཞིང་དུ་རྨོས། །  རྨོས་པའི་ལོ་ཏོག་ཐོག་མ་འདི་ནས་བྱུང་བ་སོགས་དཔལ་འབྱོར་གྱི་ལས་སྣ་ཚོགས་བསྒྲུབ་སྟེ་རྒྱལ་ཁབ་ཅིག་གི་དཔལ་འབྱོར་གོང་འཕེལ་དུ་བཏང་ཞིང་བཟོ་ལས་ལག་རྩལ་སོགས་རྒྱལ་ཁབ་གཞན་གྱིས་སྨོན་པའི་རྩེར་བསྒྲེང་བའི་ཚད་དུ་ཡོད། ཁོང་ཉིད་བོད་རང་གི་སྲིད་དང་དཔལ་འབྱོར་གཉིས་ཆ་ལ་བཀའ་དྲིན་བླ་ན་མ་མཆིས་པས་དེང་འདིར་ངེད་མཐུན་གཉེར་ཁང་གིས་ཁོང་ལྟ་བུའི་བློ་ཆེན་ལ་རྗེས་དྲན་ཞུ་ཕྱིར་རུ་ལས་སྐྱེས་ཀྱི་མཚན་གཡར་ཏེ་ཁེ་ལས་ཀྱི་གསར་གཏོད་དང་། སྙིང་སྟོབས།  འགན་འཁྲི།   རྒྱུན་འཁྱོངས།   གྲུབ་འབྲས་བཅས་ཀྱི་མཚོན་རྟགས་སུ་བསྒྲེང་ཡོད། 

ངེད་མཐུན་གཉེར་ཁང་གི་ཐོན་རྫས་ཐོག་མ་ཡོས་ཁྲོག་འདི་ནི་བོད་ཀྱི་ནས་ནག་དང་ཁྲོག་ལེ་གཉིས་ཀྱིས་གྲུབ་པའི་ཟས་རིགས་ཐོན་རྫས་གསར་བ་ཞིག་ཡིན་ལ། ཀྲུང་དབྱང་ཡིག་ཆ་ཨང་དང་བོའི་ཁྲོད་ཀྱི་ཐོན་ལས་དར་སྤེལ་གྱི་སྲིད་ཇུས་དགོངས་དོན་དང་མཐུན་པར་ཁྲོག་ལེ་དཀར་ནག་གཉིས་སུ་ཕྱེས་ནས་ཐོན་ལས་གཉེར་ཡོད། ནས་དང་ཁྲོག་ལེ་གཉིས་མཉམ་དུ་བསྲེ་སྦྱོར་བྱས་པས་ནས་ཀྱི་སྤྱོད་སྒོ་ཇེ་ཆེ་དང་བོད་དུ་ཁྲོག་ལེའི་ཁྲོམ་ར་གསར་འཛུགས་ཀྱི་ནུས་པ་ཐོན་ཡོད་ལ། ཁྲོག་ལེ་ནི་འཛམ་གླི་སྤྱི་ལ་ཁྱབ་རྒྱ་ཆེ་ཞིང་མཐོང་ཆེ་བའི་ཟས་རིགས་ཤིག་ཡིན་པར་མ་ཟད་འདི་ནི་མི་དང་མིའི་བར་ལ་བརྩེ་སེམས་མཚོན་བྱེད་ཀྱི་ལེགས་སྐྱེས་བླ་མེད་ཅིག་ཏུའང་གཅིག་གྱུར་གྱིས་བགྲང་གིན་ཡོད། 

༢༠༢༣/༣/༣ཉིན་ངེད་མཐུན་གཉེར་ཁང་མགོ་ལོག་རྭ་རྒྱར་ལམ་ལ་ཆས་ཤིང་། ཚེས་༤ཉིན་རང་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་དགེ་སློབ་སྟོང་ཕྲག་ལྷག་གདན་གཅིག་ཏུ་འཛོམས་ཐོག་བོད་རང་གི་ཐོན་རྫས་གསར་བ་ཡོས་ཁྲོག་དང་འབྲེལ་ཏེ་ཐོན་ལས་ཁྱབ་སྤེལ་དང་ཁེ་ལས་ཀྱི་དམིགས་ཡུལ་སོགས་བརྗོད་པའི་སྐལ་བ་མངོན་དུ་ཚེས་ཤིང་། དེ་དང་ཆབས་གཅིག་ཏུ་དགེ་རྒན་བཀའ་དྲིན་ཅན་གྱི་ལིང་འཇིགས་མེད་མཆོག་གིས་རུ་ལས་སྐྱེས་ཚང་གི་ཁེ་ལས་དང་འབྲེལ་ཏེ་བཀའ་སློབ་དང་གསུང་བཤད་མང་དུ་གནང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-03-09 ལྟ་ཀློག (4004)