ངའི་བུ་མོ།

ངའི་བུ་མོ།  

རྩོམ་པ་པོ།  ཟླ་གུར། 

སྔོ་སིང་སིང་གི་ནམ་མཁའ་དང་ཁྲ་ལམ་ལམ་གྱི་མེ་ཏོག་ཁྲོད་ནས། ངས་ཁྱེད་ཀྱི་གནག་སྣུམ་གྱི་སྐྲ་ལོ་དང་དཀར་གཙང་གི་བཞིན་རས་སྒོར་སྒོར་དེ། རྒྱུས་མེད་ཀྱི་ལུང་པ་འདི་ནས་ཡིད་ལ་བརྒྱ་འཁོར་སྟོང་འཁོར་གྱིས་འཁྲུལ་སོང་།

ངའི་བུ་མོ། ངའི་མེ་ཏོག  ངས་ཁྱེད་རང་ཧ་ཅང་དྲན།

ལོ་ཟླ་དང་ཉིན་ཞག་གི་བྲེལ་གསེང་བར་ནས་དུས་རྒྱུན་ཁྱེད་ཀྱི་ཁྲ་ཁྲ་རིག་རིག་གི་ལྭ་བ་སྣ་མང་གྱོན་པའི་པར་རིས་དེ་དག་མཐོང་དུས། ངའི་སེམས་པའི་གཏིང་རིམ་ལ་སྤྲོ་སྣང་སྦྱིན་མཁན་ཁྱེད་ལས་མེད་ལ། རུས་པའི་ཁོང་གསེང་གི་ཆད་སྣང་སེལ་མཁན་དེའང་ཁྱེད་ལས་མེད།

ངའི་བུ་མོ། ངའི་མཛངས་མ། ངས་ཁྱེད་རང་ཧ་ཅང་དྲན།

མི་ཁ་དང་སྨྲ་ངན་ཙག་ཙིག་གི་སོ་ཁ་ནས་སྐྱོ་སྣང་དང་རེ་ཆད་ཀྱི་བཞི་ཤད་ཡང་ཡང་འབྲི་དུས། ངས་ཁྱེད་ཀྱི་ཞི་དུལ་གྱི་གཤིས་འཇམ་དང་ལྷད་མེད་ཀྱི་འཛུམ་ཆུང་དེ་དྲན་པས། རང་དབང་མེད་པར་ངའི་བུ་མོ་ཁྱོད་ཀྱི་ཆེད་དུ་ལྗིད་ཏིག་ཏིག་གི་དམ་བཅའ་གསོན་པོ་ཞིག་མི་འཇོག་ག་མེད་བྱུང་།

ངའི་བུ་མོ།   ངའི་ཚེ་སྲོག   ངས་ཁྱེད་རང་ཧ་ཅང་དྲན།

ཕམ་ཁ་དང་ཕྱོགས་ཞེན། ད་དུང་གཡོ་སྒྱུ་དང་ཚུལ་འཆོས་ཀྱིས་ཁེངས་པའི་འཇིག་རྟེན་འདི་ནས་ངས་རང་གི་ཡོད་ཚད་སུ་ལ་བཅོལ་དགོས་པ་མི་ཤེས་ཡང་། ལེ་དབར་ཁྲི་ཕྲག་གིས་བཅད་པའི་རྒྱང་རིང་གི་བུ་མོ་ཁྱེད་དུས་ནམ་ཡང་ངའི་ཡིད་ཀྱི་དྲན་ཤིང་དང་སེམས་ཀྱི་ཐོགས་ས་ཡིན།

ངའི་བུ་མོ།  ངའི་ཡོད་ཚད།   ངས་ཁྱེད་རང་ཧ་ཅང་དྲན།

                                              ༢༠༡༨.༧.༡༥

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-01-07 ལྟ་ཀློག (3719)