མདོ་སྨད་མཐོ་ལས་དགོན་གྱི་རྭ་རྒྱའི་སློབ་གྲོགས་ལྷན་འཛོམས་ཐེངས་གསུམ་པ།

མདོ་སྨད་མཐོ་ལས་དགོན་གྱི་རྭ་རྒྱའི་སློབ་གྲོགས་ལྷན་འཛོམས་ཐེངས་གསུམ་པ།

སྤྱི་ལོ་༢༠༢༢ལོའི་སྤྱི་ཟླ་༡༢པའི་ཚེས་༥ཉིན་མདོ་སྨད་མཐོ་ལས་དགོན་པའི་མཚན་ཉིད་གྲྭ་ཚང་དུ་ཐོས་བསམ་སློབ་གཉེར་གནང་བཞིན་པའི་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་རྣམས་ལྷན་འཛོམས་ཐེངས་གསུམ་པ་བདེ་ལེགས་ངང་འཚོགས་ཤིང་། སློབ་གྲོགས་བཅུ་དགུ་ལྷག་མཉམ་འཛོམས་བྱུང་། 

འདིར་འདུས་པའི་སློབ་གྲོགས་རྣམས་ནི་མ་གྲོས་གཅིག་མཐུན་ངང་གཞུང་ཆེན་བཀའ་པོད་ལྔར་ཐོས་བསམ་སློབ་གཉེར་བྱེད་པ་འབའ་ཞིག་གི་དོན་དུ་གནས་འདི་གར་འཛོམས་པ་ལགས་ཕྱིར།  ཐེངས་འདིར་མཉམ་དུ་འཛོམས་པ་ཡང་དམིགས་ཡུལ་མེད་པའམ་མཉམ་དུ་ཟས་ཐུན་གཅིག་ལ་རོལ་རྒྱུ་ལྟ་བུ་ཞིག་གཏན་ནས་མ་ཡིན་པས། སློབ་གྲོགས་རེ་རེས་ད་ལྟའི་སློབ་སྦྱོང་གི་གནས་བབས་དང་མ་འོངས་པའི་སློབ་སྦྱོང་གི་ཁ་ཕྱོགས། ཕུགས་འདུན་སོགས་གཙོར་བཟུང་སྟེ་ཕན་ཚུན་ལ་སེམས་གཏམ་ལྷུག་བརྗོད་བྱས་པ་དང་། ད་ལོར་གསར་དུ་འདིར་འོང་བའི་སློབ་གྲོགས་རྣམས་ཀྱིས་རང་ཉིད་ངོ་སྤྲོད་བྱས་འཕྲལ་སྐབས་དགུ་བའི་མཐར་ཕྱིན་སློབ་མའམ་ཚོགས་གཙོ་ཀ་རྒྱ་བློ་བཟང་གཙོས་འཛིན་གྲྭ་གོང་མའི་སློབ་གྲོགས་རྣམས་ཀྱིས་གང་ལ་གང་ཕན་གྱི་ཁ་བརྡ་མང་བོ་བྱས། 

ནང་སྒོས་སུ་སྐབས་བཅུ་དྲུག་པའི་མཐར་ཕྱིན་སློབ་མ་ཁྲི་ཀ་དགེ་འདུན་ཡེ་ཤེས་དང་སྐབས་བཅུ་བདུན་པའི་མཐར་ཕྱིན་སློབ་མ་རུ་སྔུན་བློ་བཟང་འཕགས་པ་གཉིས་ཀྱིས་མི་ལོ་དུ་མའི་རིང་འབད་པ་ཤུགས་དྲག་པོས་གཞུང་ཆེན་ལ་ཐོས་བསམ་སློབ་གཉེར་བགྱིས་པའི་འབྲས་རྟགས་སུ་ད་ལོར་དགོན་ཆེན་འདི་ནས་མིང་དོན་མཚུངས་པའི་ངང་ཕར་ཕྱིན་རམས་འབྱམས་པའི་དམ་བཅའ་བཞག དེ་བས་འདིར་ཡོད་ཀྱི་སློབ་གྲོགས་ཡོངས་ཀྱིས་ཁོང་རྣམ་གཉིས་ལ་རྟེན་འབྲེལ་གྱི་ཁ་བཏགས་འཐེན་པ་དང་།སློབ་གྲོགས་ཡོངས་ཀྱིས་གཞུང་ངོས་ནས་ཁོང་གཉིས་ལ་ཀུན་མཁྱེན་འཇིགས་མེད་དབང་བོའི་གསུང་འབུམ་ཚར་རེ་དང་མི་སྒེར་ངོས་ནས་ཀྱང་གང་འཚམས་ཀྱི་ལེགས་སྐྱེས་གཙོས་རྟེན་འབྲེལ་ཞུ་ཚིག་སོགས་ཕུལ་ཏེ་རྟེན་འབྲེལ་ཞུས། 

ཁོང་གཉིས་ཀྱིས་ཀྱང་ཐེངས་འདིའི་སློབ་གྲོགས་ལྷན་འཛོམས་ཀྱི་མཐུན་རྐྱེན་ཆ་ཚང་སྦྱར་བར་མ་ཟད་སློབ་གྲོགས་རེ་རེར་ལེགས་སྐྱེས་ཕུལ། མཐར་ཚོགས་གཙོ་ཀ་རྒྱ་བློ་བཟང་མཆོག་གིས་གསུང་བཤད་ཉུང་ཙམ་གནང་སྟེ་ཐེངས་གསུམ་པའི་སློབ་གྲོགས་ལྷན་འཛོམས་བཀྲ་ཤིས་བདེ་ལེགས་ངང་མཇུག་རྫོགས། 

   

  གསར་འགོད་པ། ཟམ་ལུང་རིགས།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-12-06 ལྟ་ཀློག (5713)