འབྲུག་པ་ཀུན་དགའ་ལེགས་ཀྱི་ཞལ་གདམས།

འབྲུག་པ་ཀུན་དགའ་ལེགས་ཀྱི་ཞལ་གདམས།

ན་མོ་དགའ་ཡོ།
ཡིག་ནག་བློ་ལ་ཚུད་ཚད་མཁས་པ་ཟེར་བ་མིན།།
ཆོས་ཀྱི་དྲང་ངེས་ཤེས་ན་མཁས་པ་ཟེར་བ་ཡིན།།

མིག་འཁྲུལ་སྣ་ཚོགས་ཤེས་པ་ལ་གྲུབ་ཐོབ་ཟེར་བ་མིན།།
གནས་ལུགས་གཉུག་མ་རྟོགས་ན་གྲུབ་ཐོབ་ཟེར་བ་ཡིན།།

སྤྱན་དམིགས་ཚུམ་ཚུམ་འདུག་ཚད་ལ་བྱང་སེམས་ཟེར་བ་མིན།།
རང་འདོད་རྩ་ནས་དོར་ན་བྱང་སེམས་ཟེར་བ་ཡིན།།

སྨ་ར་སུད་སུད་འདུག་ཚད་ལ་སྔགས་པ་ཟེར་བ་མིན།།
སྣང་སྲིད་ལྷ་སྐུར་རྟོགས་ན་སྔགས་པ་ཟེར་བ་ཡིན།།

རི་མཐོ་འགོལ་སར་སྡོད་ཚད་ལ་སྒོམ་ཆེན་ཟེར་བ་མིན།།
འོད་གསལ་ཁོར་ཡུག་ཏུ་སོང་བ་སྒོམ་ཆེན་ཟེར་བ་ཡིན།།

སྤྱོད་པ་ཧོད་ཧོད་འདུག་ཚད་རྟོགས་ལྡན་ཟེར་བ་མིན།།
གཉུག་མ་རྒྱུན་ཆད་མི་འདུག་ན་རྟོགས་ལྡན་ཟེར་བ་ཡིན།།

སྟོང་བ་ཕྱོགས་གཅིག་འཛིན་པ་ལ་ལྟ་བ་ཟེར་བ་མིན།།
རྒྱ་ཆད་ཕྱོགས་ལྷུང་བྲལ་ན་ལྟ་བ་ཟེར་བ་ཡིན།།

ཕྱོགས་འཛིན་དམིགས་གཏད་བཟང་བོ་ལ་སྒོམ་པ་ཟེར་བ་མིན།།
དམིགས་མེད་མཚན་མ་དོར་ན་སྒོམ་པ་ཟེར་བ་ཡིན།།

ཚུལ་འཆོས་ངོ་ལྐོག་མཁས་པ་ལ་སྤྱོད་པ་ཟེར་བ་མིན།།
ཉེས་ལྟུང་རྩ་ནས་དག་པ་ལ་སྤྱོད་པ་ཟེར་བ་ཡིན།།

བསྒྲུབས་ནས་བཟང་བོར་བཅོས་པ་ལ་འབྲས་བུ་ཟེར་བ་མིན།།
ཡེ་ནས་ལྷུན་གྲུབ་ཏུ་རྟོགས་ན་འབྲས་བུ་ཟེར་བ་ཡིན།།

ཐ་སྙད་རྐྱང་བ་ངོམ་ལ་དགེ་བཤེས་ཟེར་བ་མིན།།
སྒྲ་ཚད་ནང་དོན་རིག་ན་དགེ་བཤེས་ཟེར་བ་ཡིན།།

སེར་གཟུགས་ཁོ་ན་སྒྲུབ་པ་ལ་བཙུན་པ་ཟེར་བ་མིན།།
ལུས་ངག་ཡིད་གསུམ་བསྲུང་བ་ལ་བཙུན་པ་ཟེར་བ་ཡིན།།

འདྲེ་སྲིན་སེམས་རྒྱུད་དཀྲུག་པ་ལ་གཅོད་ཡུལ་ཟེར་བ་མིན།།
སེམས་ཀྱི་འཁྲུལ་སྣང་གཅོད་པ་ལ་གཅོད་ཡུལ་ཟེར་བ་ཡིན།།

སྡིག་ཟས་འདུག་ཚད་སྟེར་བ་ལ་ཡོན་བདག་ཟེར་བ་མིན།།
སྒོ་གསུམ་དགེ་ལ་སྦྱོར་ན་ཡོན་བདག་ཟེར་བ་ཡིན།།

ནོར་ཕྱིར་དཀྱིལ་འཁོར་སྟོན་པ་ལ་དབང་བསྐུར་ཟེར་བ་མིན།།
སྣོད་ལྡན་སྨིན་གྲོལ་ལ་འབོད་པ་ལ་དབང་བསྐུར་ཟེར་བ་ཡིན།།

ཟ་འདོད་བསྡུས་ཆང་བྱེད་པ་ལ་ཚོགས་འཁོར་ཟེར་བ་མིན།།
དཔའ་བོ་བརྡ་ཐབས་ཀྱི་མཆོད་པ་ལ་ཚོགས་འཁོར་ཟེར་བ་ཡིན།།

ཁ་ནས་ཐོན་གསུམ་བཅོ་བརྒྱད་ལ་བཤད་པ་ཟེར་བ་མིན།།
མཐའ་དྲུག་ཚུལ་བཞི་ཤེས་ན་བཤད་པ་ཟེར་བ་ཡིན།།

འཕྲལ་སྐད་བོད་དུ་བསྒྱུར་བ་ལ་ལོ་ཙཱ་ཟེར་བ་མིན།།
རྒྱལ་བའི་དགོངས་པ་ལོན་ན་ལོ་ཙཱ་ཟེར་བ་ཡིན།།

ཆང་ལ་མར་སྒྲོན་བྱས་པ་རྟེན་འབྲེལ་ཟེར་བ་མིན།།
ཆོས་ཀུན་རྟེན་འབྲེལ་དུ་ཤེས་ན་རྟེན་འབྲེལ་ཟེར་བ་ཡིན།།

གྱུར་ཅིག་ཤོད་ཅིག་འདོན་ཚད་ལ་སྨོན་ལམ་ཟེར་བ་མིན།།

འཁོར་གསུམ་རྣམ་པར་མི་རྟོགས་ན་སྨོན་ལམ་ཟེར་བ་ཡིན།།

གླང་དར་མའི་སྤྱི་སྟེགས་ལས་ཐེབ་རྒྱ་རྟ་མགྲིན་གྱིས་ཡི་གེར་བཏགས། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-11-28 ལྟ་ཀློག (3782)