མཉམ་མེད་ཤཱཀྱའི་རྒྱལ་བོ་ཁྱབ་འཇུག་གི་སྤྲུལ་བ་མིན་པར་བསྟན་པ།

མཉམ་མེད་ཤཱཀྱའི་རྒྱལ་བོ་ཁྱབ་འཇུག་གི་སྤྲུལ་བ་མིན་པར་བསྟན་པ།

རྩོམ་པ་བོ།  ལྡོང་ཡོན་ཏན་རྒྱ་མཚོ།

བཅུ་བཞི་བ། མཉམ་མེད་ཤཱཀྱའི་རྒྱལ་བོ་ཁྱབ་འཇུག་གི་སྤྲུལ་བ་མིན་པར་བསྟན་པ།

རྩ་བར།

གནའ་སྔོན་ཁྱབ་འཇུག་འདི་ཡིས་འཇིག་རྟེན་སྐྱེ་རྒ་ན་འཆིའི་དབང་གྱུར་ཐོབ་ནས་སུ། །

མི་རྣམས་བསྐྱབ་ཕྱིར་རྨད་བྱུང་བློ་ཡིས་སྙིང་བརྩེ་བརྩོན་པས་ཤཱཀྱའི་རིགས་རྒྱས་པར། །

གཽ་ཏ་མར་འཁྲུངས་ས་སྟེང་འཇིག་རྟེན་འདིར་ནི་སངས་རྒྱས་གྱུར་བར་གྲག་ཅེས་ཐོས། །

སྐྱེ་བོ་ཉོན་མོངས་བླུན་ཞིང་རྨོངས་པས་སྟོན་པ་ཕན་འདོགས་ལགས་པར་མ་འཚལ་གྲང་། །

  ཞེས་གསུངས་ཏེ། དོན་ནི། དེ་ཡང་གནའ་སྔོན་ཏེ་ཕྱི་རོལ་བའི་སྔོན་གྱི་གཏམ་རྒྱུད་རྙིང་བ་རླུང་གི་གཏམ་ཞེས་པ་ཞིག་ཡོད་པ་དེ་ལས། འཇིག་རྟེན་གསུམ་གྱིས་མཆོད་པའི་སངས་རྒྱས་གང་ཡིན་པ་དེ་ནི་ཁྱབ་འཇུག་ཡིན་ཏེ། ལྷ་ཆེན་པོ་ཁྱབ་འཇུག་འདི་ཡིས་འཇིག་རྟེན་པ་སྐྱེ་རྒ་ན་འཆིའི་གཞན་དབང་དུ་གྱུར་བ་དག་བསྒྱུར་ཅིང་གཞོམ་པའི་ནུས་པ་རླབས་པོ་ཆེ་ཐོབ་ནས་སུ། སྡུག་བསྔལ་གྱིས་དྲག་ཏུ་ནོན་པའི་མི་རྣམས་བསྐྱབ་པའི་ཕྱིར་རྨད་དུ་བྱུང་ཞིང་ཐམས་ཅད་མཁྱེན་པའི་དཔལ་དང་ལྡན་པ་སྟེ། ངོ་མཚར་བའི་བློ་ཡིས་སྙིང་བརྩེ་བ་ཆེན་པོའི་སྒོ་ནས། ཉམ་ཐག་པའི་འགྲོ་བ་རྣམས་སྡུག་བསྔལ་ལས་གདོན་པར་བྱའོ་སྙམ་དུ་བརྩོན་པ་ཆེན་པོས་ཤཱཀྱའི་རིགས་རྒྱས་པར་ཏེ་ཤཱཀྱའི་རིགས་དག་པར་གཽ་ཏ་མ་ཞེས་པའི་ངོ་བོར་སྐུ་འཁྲུངས་ཤིང་།ས་སྟེང་འཇིག་རྟེན་འདིར་ནི་སངས་རྒྱས་སུ་གྱུར་བར་མ་ཟད། དེ་ཁོ་ན་ཉིད་སྟོན་ལ་ཕན་པར་བྱེད་པའང་ཡིན་ནོ་ཞེས་གཏམ་རྒྱུད་དེར་གྲག་ཅེས་ཐོས་མོད་ཀྱང་། གཏམ་རྒྱུད་དེ་ནི་ཡང་དག་པ་མ་ཡིན་ཏེ། རྒྱུ་མཚན། སོ་སོའི་སྐྱེ་བོ་རྣམས་དུག་གསུམ་ཉོན་མོངས་པས་བླུན་ཞིང་རྨོངས་པར་གྱུར་པས། དེ་དག་གིས། ས་གསུམ་གྱི་སྟོན་པ་བླང་དོར་གྱི་དེ་ཁོ་ན་ཉིད་འདོམས་པར་མཛད་ཅིང་འགྲོ་བ་ཀུན་ལ་གཅིག་ཏུ་ཕན་འདོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས། དང་བོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་པ་ལགས་པར་ཏེ་ཡིན་པའི་ཚུལ་ཇི་བཞིན་མ་འཚལ་གྲང་སྟེ་མ་ཤེས་པས་ལན་པ་ཡིན་ནོ། །  ཞེས་པའོ། །

༈ འདིའི་གཏམ་རྒྱུད་ནི། རིག་བྱེད་ཀྱི་གཞུང་ལས། ཉ་དང་རུས་སྦལ་ཕག་པ་དང་། །སེང་གེའི་མགོ་ཅན་མིའུ་ཐུང་དང་། །དགའ་བྱེད་རཱ་མ་ཎ་ནག་པོ། །སངས་རྒྱས་ཀལ་ཀི་ཙེ་དང་བཅུ། །ཞེས་བཤད་པ་ལྟར། ༡ ཁྱབ་འཇུག་ཉ་ཆེན་པོ་ཞིག་ཏུ་སྤྲུལ་ཏེ་ རིག་བྱེད་རྣམས་རྒྱ་མཚོ་ལས་བླངས་པ། ༢ རུས་སྦལ་ཆེན་པོ་ཞིག་ཏུ་སྤྲུལ་ཏེ་ས་ཆེན་པོ་འདི་བཏེགས་པ། ༣ ས་ཆེན་པོ་རྒྱ་མཚོར་ནུབ་ལ་ཉེ་བའི་ཚེ་ཕག་རྒོད་ཀྱི་གཟུགས་ཀྱིས་བཏེགས་པ། ༤ མིའི་ལུས་ལ་སེང་གེའི་མགོ་ཅན་ཞིག་ཏུ་སྤྲུལ་ཏེ་ལྷ་མིན་གྱི་དབང་བོ་འགྲོ་སྐྱོབས་གསེར་ཅན་གྱི་ལྟོ་དྲལ་ནས་བསད་པ། ༥ མིའུ་ཐུང་དུ་སྤྲུལ་ ནས་ལྷ་མིན་སྟོབས་ལྡན་ལ་ས་གོམ་པ་གསུམ་བསླངས་པས་བསླུས་ཏེ་ས་འོག་ཏུ་བཅུག་པ། ༦ དགའ་བྱེད་རཱ་མ་ཎར་སྤྲུལ་ཏེ་སྲིན་པོའི་རྒྱལ་བོ་ལངྐ་མགྲིན་བཅུ་སོགས་བསད་པ། ༧ ནཱཀྵ་རཱ་མ་ཎ་སྟེ་དགའ་བྱེད་དགྲ་སྟ་ཅན་དུ་སྤྲུལ་ནས་སྲིད་སྒྲུབ་ལ་སོགས་པའི་ས་སྟེང་གི་རྒྱལ་རིགས་ཕལ་ཆེར་བསད་པ། ༨ ནག་པོ་ཞེས་པར་སྤྲུལ་ཏེ་ལྷ་མ་ཡིན་ཀན་ས་སོགས་བཏུལ་བ། ༩ སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱོན་པ་ལ། ཁྱབ་འཇུག་གིས་འགྲན་པར་མི་ནུས་པ་མཐོང་ནས་འདི་ཡང་བདག་གི་སྤྲུལ་བ་ཡིན་ནོ་ཞེས་བཤད་སྐད་དང་། ཡང་ན། ཁྱབ་འཇུག་དགའ་བྱེད་རཱ་མ་ཎར་སྤྲུལ་ཏེ་སྲིན་པོའི་རྒྱལ་བོ་ལངྐ་མགྲིན་བཅུ་སོགས་བསད་པའི་སྡིག་པ་སྦྱང་ཕྱིར་རྩོད་དུས་འདིར་སངས་རྒྱས་ཤཱཀྱ་ཐུབ་པར་སྤྲུལ་བ་ཡིན་ནོ་ཟེར་སྐད་དང་། ཚངས་པའི་གདོང་བཞི་ལས་རིག་བྱེད་བཞི་བྱུང་བ་མི་བདེན་པར་བསྒྲུབ་པའི་དོན་དུ་སངས་རྒྱས་སུ་སྤྲུལ་སྐད་དང་། ཡང་ན། ལྷ་ཆེན་པོ་ཁྱབ་འཇུག་གི་འཇུག་པ་བཅུའི་གཏམ་རྒྱ་བལ་མཁས་པའི་ངག་རྒྱུན་གངས་ཅན་རྣ་བའི་བདུད་རྩི་ཞེས་པ་ལས། རི་པུ་ཛ་ཡ་ཟེར་བ་ས་སྟེང་གི་རྒྱལ་བོ་ཞིག་གིས་འདུས་བྱས་ཀྱི་དགེ་བ་ལ་བརྩོན་པས་བསོད་ནམས་ཀྱི་མཐུ་མང་བོ་ཐོབ་སྟེ། དུས་ནམ་ཞིག་ན་ལྷ་དབང་བརྒྱ་བྱིན་གྱི་ཁྲི་རབ་ཏུ་  འགུལ་བས། དེའི་རྒྱུ་གང་མཚན་རང་གི་བླ་མ་དྲང་སྲོང་བྲྀ་ཧམྤ་ཏི་ལ་དྲིས་པས། དེ་ནི་ས་སྟེང་གི་རྒྱལ་བོ་རི་པུ་ཛ་ཡ་བསོད་ནམས་ཀྱི་མཐུ་རྒྱས་པས་ཁྱོད་ཀྱི་གནས་འཕྲོག་པར་འགྱུར་བའི་ལྟས་ཡིན་ཟེར། དེ་ལ་ཐབས་ཡོད་དམ་དྲིས་པས། ཁྱབ་འཇུག་ལ་གསོལ་བ་ཐོབ་ཅིག་ཟེར། དེ་ལྟར་བྱས་པས་ཁྱབ་འཇུག་གིས་སངས་རྒྱས་སུ་སྤྲུལ་ཏེ་རི་པུ་ཛ་ཡ་ལ་སྟོང་བ་ཉིད་ཀྱི་ཆོས་མང་བོ་བསྟན། དེས་རྒྱལ་བོ་འདུས་བྱས་ཀྱི་དགེ་བ་ལ་བརྩོན་པ་དོར་བས་བསོད་ནམས་རིམ་པས་བྲི་ནསབརྒྱ་བྱིན་གྱི་གོ་འཕང་མ་ཐོབ་སྟེ། བརྒྱ་བྱིན་རང་ཉིད་ཀྱི་ཁྲི་ལ་སྡོད་ཆོག་པ་བྱུང་བ་ཡིན་ཟེར་བ་སོགས་གཏམ་ཅལ་ཅོལ་འབའ་ཞིག་ལས། ཕྱི་རོལ་བ་རང་ལའང་ཁུངས་དང་འབྲེལ་བའི་ལོ་རྒྱུས་མི་སྣང་བས།  དོན་དུ་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་བསྟན་པ་ལ་འགྲན་པར་མ་ནུས། དེ་དགག་ཏུ་ཡང་མ་བཏུབ་པས་གདོད་སངས་རྒྱས་འདི་ཡང་བདག་གི་སྤྲུལ་བ་ཡིན་ནོ་ ཞེས་རྗེས་འཇུག་དག་བསླུ་བའི་ཕྱིར་ཁྱབ་འཇུག་གིས་རྫུན་སྨྲས་པར་རང་ཅག་ནང་བ་ལ་གྲགས་པ་དོན་དང་མཐུན་པའི་རྒྱུ་མཚན་གྱིས་ཡིན་པ་གོར་མ་ཆག ཅེས་གསུངས་སོ། ། ༡༠ མ་འོངས་པར་ཀ་ལ་ཀིའམ་ཀལ་ཀི་ཙེ་སྟེ་རིགས་ལྡན་ཞེས་པར་སྤྲུལ་ཏེ་ཀླ་ ཀློའི་དཔུང་བཅོམ་ནས་རྩོད་པའི་དུས་ལྡོག་གོ་ཞེས་ཕྱི་རོལ་བ་རྣམས་ལ་གྲགས་སོ། །


བཅོ་ལྔ་བ། མཁས་བླུན་གྱི་དབང་གིས་ཕྱག་འཚལ་ཡུལ་ངོས་ཟིན་མ་ཟིན་བསྟན་པ།

རྩ་བར།

གང་ཚེ་འདོད་ཆགས་ཞེ་སྡང་གིས་ནི་ལྷ་མིན་ཁྱིམ་ནས་རིན་ཆེན་ཕྲོགས་པ་དང་།  །

ཆགས་པའི་བློ་གྲོས་ཀྱིས་ནི་ངན་གཡོ་བྱས་ནས་ས་དག་ཕྲོགས་པར་གྱུར་ཀྱང་ནི།  །

དེ་ཚེ་ཁྱབ་འཇུག་མ་གྲོལ་བཞིན་དུ་སྐྱེ་བོ་བླུན་པོ་རྣམས་ནི་མཆོད་ཕྱག་འཚལ།  །

སངས་རྒྱས་ངེས་པར་རྣམ་གྲོལ་གྱུར་ཀྱང་སྐྱེ་བོ་ཕལ་ཆེར་རྨོངས་པས་ཕྱག་མི་འཚལ།  །

  ཞེས་གསུངས་ཏེ། དོན་ནི།གང་གི་ཚེ་ཁྱབ་འཇུག་གིས་རིན་པོ་ཆེ་ལ་སོགས་པ་ཡིད་དུ་འོང་བའི་ཟག་བཅས་ཀྱི་དངོས་པོ་ལ་དམིགས་ནས། དེ་དག་འདོད་ཅིང་དེ་ལ་རྗེས་སུ་ཆགས་ཏེ་འབྲལ་དཀའ་བ་དང་། རང་གི་བདེ་སྐྱིད་དང་དབང་ཐང་ཁོ་ནའི་ཕྱིར་དུ། ཁྲོ་བའི་ཡུལ་ཉེ་བར་མི་གནས་ཀྱང་། སེམས་ལ་ཤར་བ་ཙམ་གྱིས་སེམས་ཁོང་ནས་འཁྲུགས་པ་མེ་ལྟར་འབར་བའི་ཞེ་སྡང་གིས་ནི།ལྷ་མིན་འཛམ་བུའི་བུ་ཡི་ཁྱིམ་ནས་ས་མནྟ་ཀ་ཞེས་བྱ་བའི་ནོར་བུ་རིན་ཆེན་གཡོ་ཐབས་ཀྱིས་ཕྲོགས་པ་དང་།ཆགས་པའི་བློ་གྲོས་ཀྱིས་ནི་ངན་གཡོ་བྱས་ནས་ལྷ་མ་ཡིན་རྒྱལ་བོ་སྟོབས་ལྡན་ལས་ས་དག་ཕྲོགས་པར་གྱུར་བ་སོགས་སྒོ་གསུམ་སྐྱོན་གྱི་གོང་བུ་འབའ་ཞིག་ལས་མ་འདས་ཀྱང་ནི།དེ་ཚེ་སྟེ་དེ་ལྟ་བུའི་ཕུང་གྲོལ་ཆེན་པོ་བ་ཁྱབ་འཇུག་ནི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་མ་གྲོལ་བཞིན་དུ་སོ་སོའི་སྐྱེ་བོ་བླང་དོར་བློ་མིག་དང་བྲལ་བའི་བླུན་པོ་རྣམས་ནི་དེ་ལ་མེ་ཏོག་ལ་སོགས་པས་མཆོད་ཅིང་ཕྱག་འཚལ་བར་བྱེད་པ་དང་།   སངས་རྒྱས་བཅོམ་ལྡན་འདས་མཉམ་མེད་ཤཱཀྱ་རྒྱལ་བོ་ནི་ངེས་པར་དུ་བག་ལ་ཉལ་གྱི་ཚོགས་རྣམས་ལས་རྣམ་པར་གྲོལ་བས་བསོད་ནམས་ཀྱི་ཞིང་ས་བླ་ན་མེད་པར་གྱུར་ཀྱང་། སོ་སོའི་སྐྱེ་བོ་ཕལ་ཆེར་རྨོངས་ཤིང་བླུན་པས་དད་པ་མེད་ཅིང་གུས་ཕྱག་མི་འཚལ་ལོ། །ཞེས་པ་སྟེ། ཚུལ་འདི་ཤིན་ཏུ་ཕངས་ཆེ་བ་ཡིན་པས། རྒྱུ་ཚོགས་མ་ཚང་བ་མེད་པའི་མཐར་ཐུག་གི་སྐྱབས་དམ་པ་བཅོམ་ལྡན་འདས་ལ་སྐྱབས་སུ་འགྲོ་ཞིང་ཕྱག་འཚལ་དགོས་པ་ཡིན་ནོ། །  ཞེས་དོན་གྱིས་བསྟན་པ་ཡིན་ནོ། །

ཁྱད་པར་འཕགས་བསྟོད་ལས། དེ་ལྟར་ཐམས་ཅད་མཁྱེན་མིན་པའི། །གྲུབ་མཐའི་སྐྱོན་གྱི་བརླག་སེམས་ལྡན། །བསམ་བརླག་རྣམས་ཀྱིས་སྐྱོན་མེད་པའི། །སྟོན་པ་ཁྱོད་ཀྱང་མི་མཐོང་ངོ་། །ཞེས་དང་། རྗེ་བཙུན་བྱམསཔ་མགོན་པོས། ལྷ་ཡི་རྒྱལ་བོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ཞེས་གསུངས་པ་དང་དོན་འདྲའོ། །

  ༈ ཁྱབ་འཇུག་གིས་འདོད་ཆགས་དང་ཞེ་སྡང་གིས་ལྷ་མ་ཡིན་ལས་རིན་པོ་ཆེ་ས་མནྟ་ཀ་འཕྲོག་པའི་གཏམ་རྒྱུད་ནི། སྔོན་རྒྱལ་བོ་གསལ་རྒྱལ་ཞེས་བྱ་བ་ལ་ས་མནྟ་ཀ་ཞེས་བྱ་བའི་རིན་པོ་ཆེ་ངོ་མཚར་བ་ཞིག་ཡོད་པ་ཁྱབ་འཇུག་གིས་ཐོས་ནས། རྒྱལ་བོ་གསལ་བ་ལ་ནོར་བུ་དེ་བསླངས་ཀྱང་རྒྱལ་བོས་མ་བྱིན་པས། ཁྱབ་འཇུག་དཔུང་གི་ ཚོགས་བཅུ་དགུ་དང་བཅས་པ་ནོར་བུ་དེའི་དོན་དུ་གཡུལ་འགྱེད་དུ་སོང་ངོ་། ། རྒྱལ་བོ་གསལ་བས་ནོར་བུ་དེ་ཡི་མཐུ་ཡིད་ལ་བསམ་པ་ཙམ་གྱིས་དཔུང་གི་ཚོགས་སྟོབས་ཆེ་ཞིང་ཕ་རོལ་གནོན་པ་ཉི་ཤུ་དང་བཅས་ཏེ་གཡུལ་བཀྱེ་བས་ཁྱབ་འཇུག་གི་དཔུང་ལས་རྒྱལ་བར་གྱུར་ཏོ། །དུས་གཞན་ཞིག་ན་རྒྱལ་བོ་གསལ་བ་རི་དྭགས་བཤོར་དུ་སོང་བ་ལས་སེང་གེས་བསད་དོ། །(ལྷ་ལས་ཕུལ་བྱུང་གི་བསྟོད་པའི་འགྲེལ་བ་རྨད་བྱུང་གཏམ་གྱི་མུ་ཏིག་ཕྲེང་བ་ལས། རྒྱལ་བོ་གསལ་བས་སེང་གེ་བསད་ཅིང་། འཛམ་བུའི་བུ་ཡིས་གསལ་བ་བསད་པ་ཞེས་གསུངས་ཀྱང་། འདིར་ནི་རྒྱ་གཞུང་ལྟར་བཤད་ཡོད་དོ། །)དྲེད་ཀྱི་བདག་པོར་སྤྲུལ་བའི་ལྷ་མ་ཡིན་འཛམ་བུའི་བུ་བྱ་བས་སེང་གེའི་ལྐོག་མར་ནོར་བུ་དེ་ཡོད་པ་ མཐོང་བས་སེང་གེ་བསད་ནས་ནོར་བུ་དེ་ཁྱེར་ཏོ། །དེའི་ཚེ་རིན་པོ་ཆེའི་དོན་དུ་ཁྱབ་འཇུག་གིས་རྒྱལ་བོ་གསལ་བ་བསད་དོ། །ཞེས་གྲགས་པ་མ་ཡིན་པ་བྱུང་བས། ཁྱབ་འཇུག་གིས་རྒྱལ་བོ་བསད་ནས་ནོར་བུ་དེ་སུ་ཞིག་གིས་ཁྱེར་བ་བཙལ་བའི་ཕྱིར་དྲང་སྲོང་ལྷར་བཅས་བཏང་ངོ་། ། དེས་རྩད་བཅད་པ་ན། ཕུག་པ་ཞིག་ན་གཞོན་ནུ་མ་ཞིག་ངུ་བ་ལ་དེའི་མ་མས་སྤྲོ་བསྲིངས་པའི་ཕྱིར་སྨྲས་པ། གསལ་བ་སེང་གེས་བསད་གྱུར་ལ། །སེང་གེ་འཛམ་བུའི་བུ་ཡིས་བསད། །ཁྱོད་ཀྱི་ས་མནཱ་ཀ་འདི། །གཞོན་ནུ་བཟང་མོ་མ་ངུ་ཞིག །ཅེས་དེ་ལྟ་བུའི་གཏམ་ཟེར་བ་ཐོས་པ་ལྟར་ཁྱབ་འཇུག་ལ་བཤད་པས། དེས་ནོར་བུ་བླང་བའི་དོན་དུ་སླར་ཡང་ལྷར་བཅས་ཕོ་ཉར་བཏང་ངོ་། །ཕོ་ཉ་ཤིན་ཏུ་བློ་གྲོས་དང་ལྡན་པས་དཀའ་བ་མེད་པར་ནོར་བུ་དེ་ཐོབ་པའི་ཐབས་སུ་འཛམ་བུའི་བུ་ཡི་བུ་མོ་དེ་ཁྱབ་འཇུག་གི་མནའ་མར་བླངས་སོ། །དེ་ནས་འཛམ་བུའི་ བུ་དགའ་སྟེ་བུ་མོ་དང་ནོར་བུ་ཡང་ཁྱབ་འཇུག་ལ་སྦྱིན་པར་བྱའོ་ཞེས་ཁས་བླངས་སོ། །  ཚུལ་དེ་ཁྱབ་འཇུག་ལ་ཞུས་པས། ཁྱབ་འཇུག་ཁྲོས་ཏེ། བུ་མོས་ཅི་ཞིག་བྱ། དེ་བས་འཐབ་ལ་ནོར་བུ་འཕྲོག་གོ་ཞེས་སྨྲས་པས། ལྷར་བཅས་ཀྱིས། ང་རྒྱལ་བརྙས་དང་དེ་བཞིན་དུ། །ངོ་ཚ་གཟི་བྱིན་སྤངས་ནས་ནི། །བརྟན་པས་རང་དོན་བསྒྲུབ་བྱ་སྟེ། །རང་དོན་ཉམས་པ་གླེང་བ་ཡིན། ། ཞེས་གནས་ལུགས་དང་ལྡན་པར་ཞུས་པས། ཁྱབ་འཇུག་གིས་ཀྱང་དེའི་ཚིག་ལ་ཉན་ཏེ་ནོར་བུ་བུ་མོ་དང་བཅས་པ་ཐོབ་པར་བྱས་སོ། །ཞེས་གྲགས་སོ། །


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-11-21 ལྟ་ཀློག (5537)