འཇིག་རྟེན་ཆོས་བརྒྱད་ཟེར་བ་འཇིགས་སུ་རུང་།

འཇིག་རྟེན་ཆོས་བརྒྱད་ཟེར་བ་འཇིགས་སུ་རུང་།

        བཛྲ་ཚུལ་ཁྲིམས་རྒྱ་མཚོས།

ཆོས་ཀྱི་བྱིན་རླབས་འབྱུང་གནས་བླ་མ་མཁྱེན།།

ཆོས་ལ་ཆོས་བཞིན་སྤྱོད་པར་བྱིན་གྱིས་རློབས།།

ཆོས་ཀྱི་རྩ་བ་བསམ་པ་སྦྱོང་ནུས་ཤོག །

ཆོས་བརྒྱད་གདོན་གྱི་རྫོང་ལས་ཐར་བར་ཤོག །

 

ཆོས་ལ་དད་དང་མི་དད་གང་ཡང་རུང་།།

ཆོས་བརྒྱད་གདོན་གྱིས་མ་གཙེ་བདེ་ཐང་དཀོན།།

ཆོས་པར་རློམ་ཡང་ཆོས་བརྒྱད་དབང་སོང་བས།།

ཆོས་ལ་ཆོས་བཞིན་སྤྱོད་པ་ཤིན་ཏུ་དཀོན།།

 

མཐོན་པོའི་ཁྲི་འཕང་འོག་ན་ཆོས་བརྒྱད་འཛུལ།།

ཆེན་པོའི་ཆོ་ལོའི་རྒྱབ་ན་ཆོས་བརྒྱད་བསྐུང་།།

མཁས་པའི་སྙན་གྲགས་ཆོས་བརྒྱད་རླུང་གིས་བུས།།

དགེ་སྦྱོར་མིང་ཆེན་ཆོས་བརྒྱད་དངུལ་གྱིས་ཉོས།།

 

འཆད་པའི་ཚེ་ན་ཆོས་བརྒྱད་མགྲོན་དུ་བོས།།

རྩོད་པའི་ཚེ་ཡང་ཆོས་བརྒྱད་དཔུང་དུ་བཀུག །

རྩོམ་པའི་ཚེ་ནའང་ཆོས་བརྒྱད་ཕུགས་ལ་བཅུག །

འཇིག་རྟེན་ཆོས་བརྒྱད་ཟེར་བ་འཇིགས་སུ་རུང་།།

 

བཀའ་གདམས་གོང་མས་ཆོས་བརྒྱད་དགྲ་རུ་བལྟས།།

ད་ལྟ་འོ་སྐོལ་ཆོས་བརྒྱད་གཉེན་དུ་འཛིན།།

ཅི་བྱེད་ཆོས་བརྒྱད་མ་འདྲེས་གཅིག་མེད་པས།།

ཆོས་པ་ཟེར་ཡང་བློ་ཕུགས་ཆོས་ཀྱིས་སྟོང་།།

 

རང་སེམས་འདི་ལྟའི་འཇིགས་སུ་རུང་བའི་ཚུལ།།

མཐོང་ནས་ལྷ་དང་བླ་མར་གསོལ་བ་འདེབས།།

བྱིན་རླབས་བདུད་རྩིའི་བཅུད་ཀྱིས་ཡིད་བསྒྱུར་ཏེ།།

ཆོས་བརྒྱད་སྤངས་ནས་དལ་འབྱོར་དོན་ཡོད་ཤོག །

      ཅེས་པ་འདི་ཡང་སྤྱོད་འཇུག་ཆེན་མོ་ཚར་གཅིག་བཏོན་ཚར་ནས་ཁ་ཏོན་གཞན་འདོན་གྲབས་བྱེད་པའི་བར་གསེང་ནས་རང་སེམས་ལ་ལན་གཅིག་བརྟགས་པ་ན་ཅི་བྱས་ཆོས་བརྒྱད་དང་མ་འདྲེས་པ་ཤིན་ཏུ་དཀའ་བའི་ངང་ཚུལ་མཐོང་ཞིང་ཡིད་འཇིགས་ནས་ཐོལ་བྱུང་དུ་ངག་ནས་ཤོར་བ་ཞིག་གོ །


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2022-10-23 ལྟ་ཀློག (4371)