ལས་ཅི་བྱས་དཀར་ནག་སྤྱི་སྡོམ་མཛོད།

༄༅།།  ལས་ཅི་བྱས་དཀར་ནག་སྤྱི་སྡོམ་མཛོད།

རྭ་རྒྱ་བ་འཇིགས་མེད་རྒྱལ་མཚན།

 

༄༅།། སྐྱབས་མཆོག་གསུམ་བྱིན་རླབས་སྤྲིན་བཞིན་འདུས། །

 ལྷ་ཡི་དམ་དངོས་གྲུབ་ཆར་དུ་བསྙིལ། །

གྲོགས་ཆོས་སྐྱོང་མཐུ་རྩལ་གློག་བཞིན་འགྱུ། །

ཕྱག་རྩ་བའི་བླ་མར་དད་པས་འཚལ། །

 

དགོན་བཀྲ་ཤིས་འབྱུང་གནས་ཆོས་ཀྱི་སྡེའི། །

ཕ་བླ་མའི་གསེར་ཁྲི་སེང་གེས་གདེགས། །

ཞིང་དགེ་འདུན་བསོད་ནམས་ལྷུན་གྱིས་གྲུབ། །

ཆོས་དབྱངས་རྟ་སྙན་མོས་འགྲོ་བ་འདྲེན། །

 

དྲིན་ཕ་མ་བཟང་བོའི་བག་ཆགས་དང་། །

གཉེན་ཁུ་ཞང་བཟང་བོའི་གཅེས་སྐྱོང་གིས། །

སྡེ་བཟང་བོའི་ཆོས་ཀྱི་གྲལ་མཐར་ཚུད། །

ངའི་སྔོན་བསགས་ལས་སྨོན་ཨེ་མ་རྨད། །

 

གྲྭ་ངུར་སྨྲིག་འཛིན་པའི་བཀྲག་མདངས་འཚེར། །

འབངས་དད་སྟོབས་པད་མའི་ལོ་འདབ་རྒྱས། །

ཡུལ་ཆོས་སྲིད་འཁོར་ལོའི་རྩིབས་སྟོང་བཀྲ། །

དགོན་རུ་སྡེའི་གཡང་ཆགས་བཅུད་ཀྱིས་གཏམས། །

 

རྭ་རྡུལ་བྲལ་ནོར་འཛིན་སྒེག་མོ་པང་། །

རྒྱ་རིག་པའི་ཆུ་བོ་གཡས་སུ་འཁྱིལ། །

བཀྲ་ཤིས་པའི་དགེ་ལེགས་འོད་སྟོང་གིས། །

ཆོས་བདུད་རྩི་འབྱུང་གནས་རྒྱས་གྱུར་ཅིག།

 

སྐྲ་གནག་སྣུམ་ཁ་དོག་དཀར་གྱི་བར། །

ཕྱག་དད་པས་འཚལ་བའི་ཡུལ་གྱི་མཆོག །

དགོན་བཀྲ་ཤིས་འབྱུང་གནས་མཁྱེན་གསོལ་ལོ། །

 ཕྱིས་ཅི་འབྱུང་སྐྱབས་དཔུང་སྔོན་བཞིན་མཛོད། །

 

དུས་དེ་རིང་བསང་གསོལ་མཆོད་བསྟོད་ཀྱིས། །

ལས་ཅི་བྱས་དཀར་ནག་སྤྱི་སྡོམ་མཛོད། །

ཁྲིམས་ཅི་འགལ་བཀའ་ཆད་ལྕགས་སྒྲོག་སྒྲོགས། །

མི་ངན་པའི་བསམ་བློ་དགེ་ལ་སྒྱུར། །

ཀི་བསྭཽ་བསྭཽ་ཆེ་འོ་ལྷ་རྒྱལ་ལོ། །

 

རྭ་རྒྱ་བ་འཇིགས་མེད་རྒྱལ་མཚན་གྱིས་གང་ཤར་དུ་བྲིས། ༢༠༢༢.༥.༡༠


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2022-10-21 ལྟ་ཀློག (5727)