བོད་ཀྱི་པཎྜི་ཏའི་དཀར་ཆག (བཞི་བ) ​ པཎ་ཆེན་བདེ་ལེགས་ཉི་མ།


པཎ་ཆེན་བདེ་ལེགས་ཉི་མ།

གྲུབ་མཐའ། དགེ་ལུགས་པ།

འཁྲུངས་འདས། མི་གསལ།

པཎ་ཆེན་བདེ་ལེགས་ཉི་མ་མཆོག་ནི། དུས་རབས་བཅུ་དྲུག་པའི་དཀྱིལ་ཙམ་ལ་བྱང་དུ་ཀྲེ་བའི་རིགས་སུ་སྐུ་འཁྲུངས། འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། གཞོན་དུས་བཀྲ་ཤིས་ལྷུན་པོའི་ཐོས་བསམ་གླིང་དུ་ཆོས་ཞུགས་མཛད་ནས་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་མཛད། དེ་རྗེས་དབུས་སུ་ཕེབས་ནས་ཕར་ཕྱིན་དང་། ཚད་མའི་སྐོར་སོགས་སེ་ར་རྗེ་བཙུན་པའི་དྲུང་དུ་གསན་པས་མཁས་པར་གྱུར། བྱང་པ་རབ་འབྱམས་པ་ཞེས་ཐུགས་རྒྱུད་འབྱོངས་པའི་ཚད་དུ་བྱེད། དེ་ནས་ངམ་རིང་སྤང་འབུལ་གྲྭ་ཚང་གི་འཆད་ཉན་མཛད། སེར་བྱེས་ཀྱི་བླ་མར་ཕེབས་ནས་འདུལ་བའི་སྤྱི་དོན་དང་། མཛོད་ཀྱི་སྤྱི་དོན། ཕར་ཕྱིན་སྤྱི་དོན་སོགས་ལེགས་བཤད་མང་དུ་བརྩམས། སྙན་པའི་གྲགས་པ་ཕྱོགས་མཐར་ཁྱབ། རྒྱལ་དབང་བསོད་ནམས་རྒྱ་མཚོས་སེ་རའི་ཁྲི་བར་ཕེབས་དགོས་གསུངས་ཀྱང་སྤྱན་མི་གསལ་བས་དགོངས་ཞུ་མཛད། ཁོང་གི་གསུང་རྩོམ་ནི། འདུལ་བའི་སྡེ་སྣོད་མཐའ་དག་གི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་བར་བྱེད་པའི་ལེགས་བཤད་བསྐལ་བཟང་ནོར་བུའི་ཕྲེང་བ། གཞི་སྟོད་ཀྱི་སྨད་ཆ། མཛོད་ཀྱི་སྤྱི་དོན། ཕར་ཕྱིན་སྤྱི་དོན། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་དངོས་གྲུབ་ཀྱི་ཆར་འབེབས་བཅས་པོད་གཅིག་བཞུགས།

གསལ་བཤད། 

བོད་ཀྱི་པཎྚི་ཏའི་དཀར་ཆག་རབ་གསལ་མེ་ལོང་ཞེས་བྱ་བ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་ལྔ་བའི་མཐར་ཕྱིན་བོད་ཡིག་ཆེས་མཐོའི་འཛིན་གྲྭས་འཚོལ་སྡུད་དང་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་ཞིང་།   དེབ་འདིའི་རྩོམ་སྒྲིག་འགན་ཁུར་བ་གཤེེན་མི་དང་། སྤྱང་ཡེ་ཤེས། བེ་རི་རྒྱལ་མཚན་བཅས་ཀྱིས་ཡིད་འཐད་བྱུང་ནས་མ་ཡིག་མཁོ་སྤྲོད་བྱས་པ་བཞིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བར་མུ་འགོད་བྱས་པ་ཡིན། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-09-20 ལྟ་ཀློག (7258)