​སེམས་ཐག་ཆོད་པའི་ཆོས་པ།

སེམས་ཐག་ཆོད་པའི་ཆོས་པ།

དངོས་ཟིན་རྩོམ་ཡིག་འབྲི་མཁན།  ཨ་སྐྱོང་འཇིགས་རྣམ།


    དངོས་བྲིས་རྩོམ་ཡིག་འདིའི་ནང་དུ་དམ་པའི་ཆོས་བསྒྲུབས་པའི་སྐྱེས་བུ་ཞིག་འཆི་བར་རང་དབང་ཐོབ་ཡོད་པའི་སྐོར་གྱི་གནས་ཚུལ་ཐོན་ཡོད་པ་འདི་བཞིན་སྒྲོ་འདོགས་དང་འུད་བརྗོད་མེད་པར་ཇི་བཞིན་བྲིས་ཡོད།

    གསལ་བཤད།   རྩོམ་ཡིག་མང་དྲག་ན་ཀློག་པ་བོར་སུན་སྣང་སྐྱེས་ནས་དོན་དུ་མི་འགྱུར་བས་འདིར་བཀོད་པའི་ནང་དོན་དང་སྐད་ཆ་ཡོད་ཚད་ཀྱི་ཚིག་དོན་བསྡུས་ཏེ་ཉུང་ཙམ་ལས་བཀོད་མེད།

    རྩོམ་ཡིག་འདི་འབྲི་སྟངས།   རྩོམ་ཡིག་འདི་ཉིད་ངོ་སྤྲོད་རྩོམ་ཡིག་འབྲི་སྟངས་ལྟར་བྲིས་ཡོད་པ་ལས་དམ་པའི་རྣམ་ཐར་འབྲི་སྟངས་བཞིན་བྲིས་མེད།

    ནང་དོན་ངོ་སྤྲོད།   རྩོམ་ཡིག་འདིའི་ནང་དུ་བླ་མ་ཟླ་བ་རྒྱལ་མཚན་གྱིས་ད་ལོ་སྟེ་སྤྱི་ལོ2022བོད་ཆུ་སྟག་ལོའི་ཟླ3པའི་ནང་ཁོ་རང་མྱུར་དུ་གྲོང་རྒྱུ་ཡིན་པར་སེམས་ཐག་བཅད་པ་བཞིན་འདས་སོང་ཡོད་པའི་སྐོར་དེ་ངོ་སྤྲོད་བྱས་ཡོད།

 

     ཟླ་བ་རྒྱལ་མཚན༼བསྡུས་མིང་ལ་ཟླ་རྒྱམ༽ཁོང་ནི་མཚོ་སྔོན་མགོ་ལོག་ཁུལ་དགའ་བདེ་རྫོང་གོང་སྨད་ཡུལ་ཤོག་གི་མདོ་ལུའི་རྡོ་ཁ་དགོན་པའི་གྲྭ་བ་ཞིག་ཡིན།   ༼སྐྱེས་ཡུལ་དངོས་ནི་དགའ་བདེ་རྫོང་གངས་ལུང་ཡུལ་ཤོག་ལམ་སྐོར་སྡེ་བའི་ནང་ཚན་སྐྱབས་སྐོར་ཚོ་བ་ཡིན༽1973ལོར་འཁྲུངས་ཤིང་ད་ལོར་དགུང་ལོ་ལྔ་བཅུ་ཐམ་པ་ཡིན།    ཁོང་ཉིད་རང་ལོ་བཅོ་བརྒྱད་ཐོག་ནས་བཟུང་དགོན་དེའི་བསྟན་བདག་བླ་མ་གསལ་ལྡན་གྱི་མདུན་ནས་བསྟུད་མར་སྦྱོར་དྲུག་ལ་ཐེངས་གཉིས་དང་དགོན་དེའི་ད་ལྟའི་བསྟན་བདག་མཁན་པོ་རྡོར་འཛིན་གྱི་མདུན་ནས་ཐེངས་གཅིག་སྟེ་སྔ་ཕྱིར་སྦྱོར་དྲུག་གསུམ་ལ་བསྡད།    རང་ལོ་ཉེར་གསུམ་ཐོག་ནས་བཟུང་ནད་དབང་གིས་རིམ་གྱིས་རྐང་པ་ཞ་བོར་གྱུར།     བླ་མའི་བཀའ་བཞིན་སྔ་ཕྱིར་ལོ་བཅུ་གསུམ་རིང་མཚམས་བསྙེན་སྒྲུབ་ལ་བསྡད་དེ་རྡོར་སེམས་ཧེ་རུ་ཀའི་ཡིག་བརྒྱ་བྱེ་བ་བཅུ་གསུམ་དང་ཧ་ཀྵ་དུང་ཕྱུར་གསུམ།    བླ་མའི་མཚན་སྔགས་བྱེ་བ་གསུམ།    འཇམ་དཔལ་མཚན་བརྗོད་ཁྲི་གཅིག   ཇོ་ནང་སྨོན་ལམ་ཆ་ཚང་ཁྲི་གཅིག  གཏོར་བསྔོས་ཁྲི་གཅིག་ཞལ་འདོན་གནང་གྲུབ་ཡོད།    

ཤམྦྷ་ལའི་ཞིང་ཁམས་སྒྲུབ་པ།

     བླ་མ་གསལ་ལྡན་འདས་རྗེས་ཁོང་རྡོར་སེམས་སྒྲུབ་གྲྭར་ལོ་གསུམ་ལ་བསྡད་པའི་སྐབས་དེར་ཁོང་གིས་རང་གི་བླ་མ་ད་ལྟའི་དགོན་དེའི་བསྟན་བདག་མཁན་པོ་རྡོར་འཛིན་ལ་ཁོས་ད་ནས་བཟུང་ཤམྦྷ་ལའི་ཞིང་ཁམས་བསྒྲུབ་བསམ་གི་དེ་ལྟར་བྱས་ན་འགྲིག་མིན་ཞུས་པ་ན་མཁན་པོས་ཀྱང་དེ་ཧ་ཅང་ལེགས་ཚུལ་གསུངས།   ད་ལྟའི་ལོ་གསུམ་གྱི་ཡར་སྔོན་ཞིག་ལ་ཁོས་མཁན་པོ་རྡོར་འཛིན་ལ་འདི་ལྟར་ཞུས།    ད་ནི་ངས་ཤམྦྷ་ལའི་ཞིང་ཁམས་གྲུབ་ཡོད།   འོན་ཀྱང་ཆོས་སྐུའི་ཞིང་ཁམས་ཟེར་ན་དཀའ་མོ་རེད།    ལོངས་སྐུའི་ཞིང་ཁམས་ཟེར་ཡང་མཐོ་སོང་ཡོད་ན་ཐང་སྟེ།    སྤྲུལ་སྐུའི་ཞིང་ཁམས་ལ་ནི་འགྲོ་ཐུབ་མིན་ལ་ཐེ་ཚོམ་ཙམ་ཡང་མི་དགོས་པའི་གདེང་ཐོབ་ཐལ་གསུངས་ཀི་ཞེས་མཁན་པོ་རྡོར་འཛིན་གྱིས་འདི་བཞིན་གསུངས་སོང་།   

ཐེངས་དང་པོར་མཁན་པོར་གྲོས་བྱས་པ། 

     ད་ལྟའི་ལོ་གསུམ་གྱི་ཡར་སྔོན་ཞིག་ལ་ཁོས་མཁན་པོ་རྡོར་འཛིན་ལ་འདི་ལྟར་ཞུས།    ད་ནི་ངས་ཤམྦྷ་ལའི་ཞིང་ཁམས་དེ་བསྒྲུབས་ནས་གྲུབ་ཡོད་པས་མྱུར་དུ་ཤི་བཞག་ན་བསམ་གི    བླ་མའི་ཐུགས་རྗེས་ཤི་ཐུབ་རྒྱུ་རེད་བསམ་གི་ཡོད་ཅེས་ཞུས་པར།    མཁན་པོས་ཁྱོས་དེ་ལྟར་ཟེར་མི་ཉན།    བླ་མའི་རྣམ་ཐར་གྱི་ས་བོན་ཕལ་ཆེ་བ་ཁྱོད་ཀྱིས་བརྩོན་པ་ཆེས་ཆེར་གནང་ནས་འཚོལ་བསྡུ་བྱས་པ་རེད།    ད་དུང་བླ་མའི་རྣམ་ཐར་འགྲུབ་ཡོད་ནི་མ་རེད།    ངས་ཀྱང་བྲིས་ཡོད་ཚད་པོ་ཁྱོའི་ལག་ལ་འཕྲོད་སོང་དུས་འགྲིག་ཡོད་བསམ་ནས་ཞེ་བདེ་བདེ་བྱས་བསྡད་ཡོད་ནི་རེད།    ཁྱོད་ཀྱིས་དེ་ལྟར་བཤད་མི་ཉན་ཞེས་སོགས་གསུངས་པ་ན་ཁོས་ཀྱང་ཨོ་ལགས་སོ་ཡ་ཡ་ཡ་ཞེས་བླ་མའི་བཀའ་བཞིན་དང་ལེན་བྱས།    བརྒྱུད་རིམ་འདི་ཡང་མཁན་པོ་རྡོར་འཛིན་གྱིས་གསུངས་པ་ཇི་བཞིན་ཡིན།

མ་རྒན་ལ་གྲོས་བྱས་པ།

     ན་ནིང་སྟེ་སྤྱི་ལོ་ཉིས་སྟོང་ཉེར་གཅིག་ལོའི་དབྱར་ཁར་ཁོས་མ་རྒན་ལ་ཁྱོད་རང་ཤི་ན་ཞེ་ཆགས་ས་འདྲ་ཨེ་ཡོད་ཀི་ཞེས་དྲིས་པར་མ་རྒན་གྱིས་ཁྱོད་ཀྱི་རྐང་པ་ནད་པ་ཡིན་པས་ང་ལ་སེམས་ཁུར་ཡོད་འདུག་ནི་རེད།    དེ་མ་གཏོགས་ཞེ་ཆགས་ས་གང་ཡང་མེད་ཅེས་ལན་བཏབ།    སྐབས་དེར་ཁོང་གིས་དེས་ན་ང་ཤི་བཞག་ན་ཨེ་ཆོག    ཤི་མ་ཐག་ཏུ་བྱང་ཕྱོགས་ཤམྦྷ་ལ་ནི་ཕ་ཁྱིམ་བུ་འགྲོ་ཡིན་ཞེས་བཤད་པར། མ་རྒན་གྱིས་འུ་གཉིས་འདྲ་བོ་ཤི་ཐུབ་ན་བཟང་ནི་རེད།   སྐལ་འཕྲིན༼ཁོང་གི་སྤུན་ཆེ་བ༽གྱི་སྔུན་ཆོད་ན་དགའ་ནི་རེད་ཀོ་ཞེས་ལན་བཏབ།    དེ་ལྟར་གྲོས་བྱས་ཏེ་ཁྱོད་ཀྱིས་ངའི་དོན་ལ་སེམས་ནད་གསོག་མི་ཉན་ཞེས་མ་རྒན་ལ་གྲོས་མོལ་སྒོས་གྱིས་བརྡ་གནང་ཡོད།    ༼གནས་ཚུལ་འདི་བདག་གིས་སྐལ་འཕྲིན་ལ་བཅར་འདྲི་བྱེད་སྐབས་ཁོས་བཤད༽

རང་གི་ཚེ་ལྷག་གཞན་ལ་བྱིན་པ། 

     ད་ལོའི་བོད་ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་ཁོང་གིས་སྐལ་ཚུལ༼སྐབས་དེར་ཁོང་ཡོད་སར་ཡོད་པའི་གྲྭ་བ་ཞིག༽ལ་སང་ཉིན་ཚེས་བཅོ་ལྔ་ཡིན་པས་ཡུལ་བས་དབྱར་རྩྭ་དགུན་འབུ་མི་བསྐོ་བར་བསྡད་ཡོད་རྒྱུ་རེད།    དེ་བས་སྐལ་འཕྲིན་ལ་ཁྱོས་བུ་མོ་ལྷུན་གྲུབ་སྐྱིད་ཁྲིད་དེ་འདིར་ང་ཡོད་སར་ཤོག་དང་དོན་བྱ་ཞིག་ཡོད་ཅེས་ཁོང་གི་སྤུན་སྐལ་འཕྲིན་ལ་སྐད་འཕྲོད་དགོས་གསུངས།    ཕྱི་ཉིན་ཚེས་བཅོ་ལྔ་ཉིན་སྐལ་འཕྲིན་གྱིས་རང་གི་བུ་མོ་ཁྲིད་ནས་ཁོང་ཡོད་སར་འབྱོར།    ཁོང་གིས་དེ་རིང་ང་ལ་དོན་དག་ཅིག་ཡོད་ཁྱོད་ཚོས་བཀག་འགོག་མི་ཉན་ཞེས་མནའ་བསྒག་བྱས།   དེ་ནས་ཁོང་གིས་ཚ་མོའི་མགོ་ཐོག་ཏུ་ལག་པ་བཞག་སྟེ་རླུང་བཟུང་ནས་སྐར་མ་ཁ་ཤས་བསྡད་རྗེས་ཁོང་གི་ངོ་མདོག་སྐྱ་བོར་གྱུར་ཏེ་ཕལ་ཆེར་གྲོང་འགྲོ་བ་ཨེ་ཡིན་སྙམ་པའི་མོད་ལ་རླུང་ཕྱིར་ཕུད་ཅིང་ངོ་མདོག་རྒྱུན་ལྡན་ལྟར་གྱུར།    དེ་ནས་ཁོང་གིས་ཚ་མོ་ལ་ངའི་ཚེ་ལྷག་ལོ་ཉེར་གསུམ་ཡོད་པ་དེ་ཁྱོད་ལ་བྱིན་ཡོད།    ཁྱོད་ཀྱིས་ཚེ་ཐར་རེ་བྱེད་རྒྱུ་དང་དུས་རྒྱུན་སྒྲོལ་མ་ཁ་འདོན་གྱིས་གསུངས་སོང་།    ཁོང་ཅག་སོང་རྗེས་དེ་རིང་བླ་མ་རྡོ་རྗེ་འཆང་གི་བཀའ་དྲིན་གྱིས་དོན་ཆེན་ཞིག་འགྲུབ་སོང་བས་འུ་གཉིས་ཀྱིས་སྐྱིད་སྐྱིད་ཅིག་བྱེད་ཅེས་སྐལ་ཚུལ་ལ་དེ་ལྟར་གསུངས།    ༼བརྒྱུད་རིམ་འདི་སྐལ་ཚུལ་དང་སྐལ་འཕྲིན་གཉིས་ཀྱིས་བཤད༽

བརྩམས་ཆོས་སོགས་གཞན་ལ་ངོ་སྤྲད་པ།

     ནག་ཟླའི་ཚེས་ཉེར་ལྔ་ཉིན་གྱི་དུས་ཚོད་བརྒྱད་ཐོག་མཁན་པོ་མུན་སེལ་དང་གཞན་ཕན།  བསྟན་གསལ།   རྣམ་ཐར།   སྐལ་ཚུལ།   སྐལ་འཕྲིན་རྣམས་ཁོ་ཡོད་སར་ཤོག་གསུངས་པ་ལྟར་ཕྱི་ཉིན་ཁོང་ཚོ་ཐོན་པ་ན་ཁོང་གིས་ཕབ་བཤུ་བྱས་ཏེ་རྩིས་འཕྲུལ་དུ་བཅུག་ཡོད་པའི་མཁན་པོ་རྡོར་འཛིན་གྱི་གསུང་ཆོས་པོད་བཞི་ཡོད་པ་དེ་དང་འཁྱེར་སྡེར་སོགས་རྣམ་ཐར་ལག་ཏུ་བཞག   བླ་མའི་རྣམ་ཐར་གྱི་མཇུག་ལེགས་པར་འགྲུབ་རྒྱུ་དེ་མཁན་པོས་འགན་ལེན་རོགས་ཞེས་ཁོང་ལ་ཞུ་དགོས་གསུངས།   གཞན་ཁོང་གིས་རྩོམ་འབྲི་གནང་ཞིང་མཇུག་གྲུབ་ཡོད་མེད་དག་གཞན་ཕན་སོགས་ལ་རྒྱུ་མཚན་དང་བཅས་ངོ་སྤྲོད་གནང་བ་དང་།   གཞན་ཁོང་གིས་གཡར་འོང་བའི་དཔེ་དེབ་མང་པོ་ཡོད་པ་དག་རང་རང་ལ་ཕྱིར་སྤྲད་དུ་བཅུག་གོ།    

མཁན་པོར་སྐད་བསྐུར་བ།

     ཏིང་བཟང་ལ་ལག་འཕྲིན་ནང་སྒྲ་བླང་དུ་བཅུག་ནས་མཁན་པོར་ཞུ་བ་འདི་བཞིན་བྱས།   ད་ནི་ང་རང་འདུག་འདོད་མེད་པས་འཆི་གྲབས་བྱེད་ཀི་ཡོད།   ཐུང་མྱུར་གྱིས་འཆི་ཐུབ་ན་བཟང་གི་བསམ་ཡོད།   ཁྱེད་ཀྱིས་ང་ལ་སྨན་ཁང་རིམ་གྲོ་སོགས་གསུང་དུས་ང་རང་རྨ་ཆུར་འཕང་བ་དང་འདྲ།   ཁྱེད་ཀྱིས་ཐུགས་བསྐྱེད་སྨོན་ལམ་གྱིས་ལ་ང་རང་ལམ་ལ་ཞོག་དང་མྱུར་དུ་ཤི་ཐུབ་སོང་ན་ངའི་འདོད་ཐོག་ལ་རྟ་རྒྱུག་བཏང་ནི་མིན་ན་ཉི་མ་ལྷ་ས༼མགོ་ལོག་པའི་མནའ༽གསུངས་སོ།།

ཤམྦྷ་ལར་བླ་མའི་ཞབས་དྲུང་དུ་འགྲོ་རྒྱུ་ཡིན་གསུངས།   

     དེའི་སྐོར་ཉིན་ཞིག་ཁོང་གི་མཆེད་གྲོགས་བླ་མ་ནམ་མཁའ་ཁོང་ཡོད་སར་འོང་ནས་ཁྱེད་རང་གི་ལུས་ཕུང་ལ་མི་བདེ་བ་འདྲ་ཅང་ཨེ་ཡོད་ཀི་ཡོད་ན་སྨན་པ་རེར་བསྟན་ན་ཞེས་བཤད་པར།   ཁོང་གིས་སྔོན་ནས་ད་བར་དུ་སྨན་པ་མང་བོར་བསྟན་མྱོང་ནི་རེད།    ད་ནི་སྐྱེ་བ་ཚེ་རབས་ཐམས་ཅད་དུ་སྨན་པར་སྟོན་མི་དགོས་པའི་སྨོན་ལམ་འདེབས་ཀི་ཡོད་པ་དང་ད་ཐེངས་འཆི་རྒྱུ་ཡིན་པ་བཟློག་ཏུ་མེད་ཚུལ་སོགས་གསུངས་སོང་།    

      ཡང་བླ་མ་ནམ་མཁའི་ཁ་བརྡའི་ཞོར་དུ་ཁྱོད་ཞིང་ཁམས་གང་ལ་ཕེབས་རྒྱུ་ཡིན་ཞེས་པར་ཁོང་གིས་ང་རང་དཔལ་ལྡན་ཤམྦྷ་ལ་རུ་བླ་མ་རྡོ་རྗེ་འཆང་གི་ཞབས་དྲུང་དུ་འགྲོ་རྒྱུ་ཡིན་གསུངས།   

ཡང་བླ་མ་ནམ་མཁས་ཁྱོད་ལ་ན་རྒྱུ་ནི་ཅི་ཡང་མེད་ཀི་དེ་ལྟར་ཐག་བཅད་རྒྱུ་དེ་དཀའ་མོ་ཞིག་ཨེ་ཡིན་ན་ཞེས་བཤད་པར།    ཁོང་གིས་དེ་ནི་བླ་མར་དད་པ་དག་སྣང་ཡོད་མེད་ལ་ཐུག་ནི་རེད།    བླ་མར་ཡིད་ཆེས་ཤིང་ཐེ་ཚོམ་མེད་ན་དོགས་པ་དགོས་ནི་མ་རེད།   ངས་ནི་མཁན་ཆེན་རྡོ་རྗེ་འཆང་གིས་གསུངས་པའི་རྒྱ་ནག་པོ་ཙི་ནའི་སྨན་རྫོང་དང་ནུབ་མཚོ་གླིང་འབྲས་དཀར་གཏེར་རྫོང་།    ཁྱད་པར་དུ་ཤམྦྷ་ལའི་དམག་འཆམ་བདུད་འདུལ་བསྐལ་བའི་མེ་དཔུང་སོགས་བྲིས་པའི་བྱིན་རླབས་དང་དེ་དག་གི་ནང་དུ་བཤད་པ་དག་ལ་ངེས་ཤེས་གཏིང་ནས་སྐྱེས་ཡོད་སོགས་གསུངས།

མཆེད་གྲོགས་ཤིག་ལ་མཐའ་མཇུག་གི་གྱེས་མཇལ་ཞུས་པ།    

      ཁོང་གི་ཆོས་མཆེད་འདང་ཆེན་དགོན་དེའི་མཁན་པོ་མུན་སེལ་ཐེངས་དུ་མར་ཁོང་ཡོད་སར་ཕེབས་པ་ན་ཁོང་གིས་གསུང་རྒྱུར་ངས་ཁྱོད་ལ་རེ་བ་གཉིས་བཤད་རྒྱུ་ཡོད།    གཅིག་ཁྱོད་ཀྱིས་ང་ལ་ད་དུང་འཆི་མི་ཉན་འདུག་དགོས་སོགས་གཏན་ནས་ཟེར་མི་ཆོག་ཅེས་མནའ་བསྐྱལ།   གཉིས།    ང་རང་ཤི་རྗེས་བེམ་པོ་མེར་བསྲེག་མི་དགོས།   མདོ་ལུའི་རྡོ་ཁའི་དུར་ཁྲོད་དུ་བྱ་གཏོར་བྱེད་དགོས་གསུངས།    

      ཉིན་ཞིག་མཁན་པོ་མུན་སེལ་ལ་དེ་རིང་མཉམ་དུ་ཇ་ཞིག་འཐུང་དང་མ་འོངས་པར་བྱང་ཤམྦྷ་ལ་རུ་མཉམ་དུ་འཛོམ་པའི་རྟེན་འབྲེལ་ཡོད་གསུངས།    དགོང་མོ་ཞིག་ལ་ཁོང་གིས་མཁན་པོ་མུན་སེལ་ལ་ད་ཁྱེད་སྐུ་ཚེ་རིང་།   དགུང་ལོ་བརྒྱ་ཐོབ།   སྐུ་ཁམས་དྭངས་མོར་བཞུགས་གསུངས།   མཁན་པོས་ད་དུང་འུ་གཉིས་ཐུག་ནི་རེད་ཅེས་པར།   ཁོང་གིས་རེད་དེ་ད་ཁྱེད་རང་སྐུ་ཁམས་དྭངས་མོར་བཞུགས་གསུངས་ནས་སྨོན་འདུན་དང་བཅས་ཚེ་འདིར་མཇལ་འཛོམས་ཀྱི་ཐ་མའི་གྱེས་ཚིག་དེ་གསུངས་སོང་།    ༼བརྒྱུད་རིམ་འདི་མཁན་པོ་མུན་སེལ་ཁོང་གི་གསུངས་ཟིན་ཡིན༽

ཉམས་དང་རྨི་ལམ།

       སྐབས་དེའི་ནངས་མོ་ཞིག་ལ་གཞན་ཕན་དང་བསྟན་གསལ་གཉིས་ལ་ཁོང་གིས་འདི་ལྟར་གསུངས།   མདང་ནུབ་ཕལ་ཆེར་དུས་ཚོད་ཕྱེད་ཀ་ཙམ་གྱི་རིང་ངའི་རླུང་འགག་ཐལ།   སྐབས་དེའི་སྣང་བ་ནི་ཡ་མཚན་སྐྱིད་པོ་ཞིག་རེད།   དེ་རླུང་དབུ་མར་བསྡུ་བ་ཨེ་ཡིན་ན་གསུངས་པར་གཞན་ཕན་གྱིས་ཡིན་རྒྱུ་རེད་ཅེས་ལན་བཏབ།    

       ཡང་ནངས་མོ་ཞིག་ལ།   མདང་ནུབ་ང་ལ་སྟོང་གཟུགས་མང་བོ་ཤར་ཐལ།   དེ་ནི་སྔར་དང་མ་འདྲ་བའི་རགས་མོ་ཞིག་ཡིན་པའི་སྣང་བ་ཤར་འདུག་གསུངས།    

ཡང་ནངས་མོ་ཞིག་ལ་མདང་ནུབ་སྤྲིན་དཀར་མང་བོའི་ནང་དུ་གསེར་འབེབ་ཅན་གྱི་མཁར་ཡག་པོ་ཞིག་མཇལ་ཐལ།   དེ་ཤམྦྷ་ལ་ཨེ་ཡིན་ན་གསུངས་པར།   གཞན་ཕན་གྱིས་ཡིན་རྒྱུ་རེད་ཅེས་ལན་བཏབ།  

མཁན་པོ་དང་མཉམ་དུ་སྨོན་ལམ་བཏབ་པ།  

      མཁན་པོ་རྡོར་འཛིན་ཁོང་ཡོད་སར་ཕེབས་པ་ན་ཁོང་གིས་ད་བར་དུ་ཞལ་འདོན་གནང་ཟིན་གྱི་གྲངས་ཀ་ཡོད་ཚད་མཁན་པོར་ཞུས་ཏེ་བསྔོ་སྨོན་གནང་རོགས་ཞུས།   དེ་ནས་ཁོང་གཉིས་ཀྱིས་མཉམ་དུ་བསྔོ་སྨོན་ཟབ་རྒྱས་ཤིག་གནང་སྟེ་མ་འོངས་པར་བྱང་ཤམྦྷ་ལ་རུ་མཉམ་འཛོམ་འབྱུང་རྒྱུའི་སྨོནལམ་བཏབ་པ་ཡིན་ཞེས་མཁན་པོས་གསུངས།  

ཕེབས་འཁོར་གཞན་ལ་བྱིན་པ། 

      ཁོང་ཡར་མར་ལ་འགྲོ་དགོས་ཚེ་ཕེབས་འཁོར་དུ་བསྡད་ནས་ཕེབས་པ་ཡིན།   སྐབས་དེའི་ཉིན་ཞིག་ངའི་འགྲོ་འཁོར་དེ་ད་ནི་ང་ལ་མི་དགོས་པས་མཁས་གྲུབ་ལ་བྱིན་དགོས།   མཁས་གྲུབ་ཀྱི་རྐང་པ་ནད་པ་ཡིན་པས་དེ་ལ་ཕན་ཞིག་ཐོགས་ཨེ་མི་འགྲོ་གསུངས་ནས་མཁས་གྲུབ་ལ་བྱིན།  མཁས་གྲུབ་ནི་དོམ་སྐོར་སྡེ་བ་ནས་ཡིན་ཞིང་རྐང་བ་ནད་པ་ཡིན་སྟབས་འགྲོ་མི་ཐུབ།    ད་ལྟ་ལུང་སྔོན་དགོན་པའི་མཐའ་རུ་བསྡད་ཡོད། ༼དོན་འདི་བདག་གིས་སྐལ་འཕྲིན་ལ་དྲིས་ནས་ཁོས་བཤད་པ་ཇི་བཞིན་ཡིན༽

ཞལ་འདོན་མཚམས་བཞག་པ།

      ཁོང་མ་འདས་པའི་ཡར་སྔོན་མཁན་པོ་རྡོར་འཛིན་ཁོང་ཡོད་སར་བྱོན་ཏེ་ད་སྔོན་བཏོན་ཟིན་པ་རྣམས་བསྔོ་སྨོན་གནང་གྲུབ་སྟེ་མཁན་པོ་སོང་མ་ཐག་ཁོང་གིས་ཕྲེང་བ་མགོ་སྔས་ཐོག་ཏུ་འཕངས་ནས་ད་ནི་ཁ་འདོན་མཚམས་བཞག་པ་ཡིན་གསུངས་ནས་དེ་ཕྱིན་ཕྲེང་བ་ལག་ཏུ་བཟུང་མེད།    སྐལ་འཕྲིན་གྱིས་ཕྲེང་བ་ལག་ཏུ་བཟུང་ན་ཞེས་བཤད་པར་ཁོང་གིས།    ད་ནི་ཕྲེང་བ་འཛིན་ནི་མིན།     གསེར་སྒྲོག་གིས་བཅིང་བ་དང་ཐག་སྒྲོག་གིས་བཅིང་བ་ལ་ཁྱད་མེད་པས་འདོན་པ་ལའང་ཞེན་ཆགས་བྱེད་ནི་མིན།    འདོན་དགོས་པ་ཚང་མ་ངས་བཏོན་ཚར་ཡོད་གསུངས། ༼འདི་ཡང་སྐལ་འཕྲིན་གྱིས་བཤད་པ་ཇི་བཞིན་ཡིན༽

ཁོང་གིས་སེམས་ཐག་བཅད་པ་བཞིན་དུས་ལྟར་སྐུ་འདས་གྲོངས་སུ་གྱུར་བའི་སྐོར།

      ད་ལོ་སྟེ་སྤྱི་ལོ2022བོད་ཆུ་སྟག་ལོའི་ཟླ་གསུམ་པ་ནག་ཟླའི་ཚེས་བཅུ་སྐོར་ཙམ་ནས་ཁོང་ཉིད་སྐུ་འདའ་བར་དགོངས་ཏེ།   ཉིན་ཞིག་ང་ལ་ཚ་ཞིག་བརྒྱབ་ཡོད་པ་འདྲ་གསུངས།    སྨན་པས་ཚ་དྲོད་བརྟག་ཆས་ཀྱིས་བརྟག་པས་ཚ་བརྒྱབ་མེད་པ་ཤེས།   ཡིན་ཡང་དེ་ནས་བཟུང་ཁོང་ལ་ན་ཟུག་དང་མི་བདེ་བ་ཅི་ཡང་མེད་ནའང་ད་ནི་ང་རང་འཆི་རན་ནི་ཡིན་སུས་ཀྱང་བཀག་འགོག་མི་ཆོག་ཅེས་སེམས་ཐག་བཅད་དེ་བཞུགས།    ཉིན་རྒྱུན་ཕར་བལྟས་ཚོད་ལ་མཉམ་བཞག་གི་ངང་དུ་བསྡད་ལོས་ཡོད་སྙམ་པ་ཞིག་གི་སྒོ་ནས་ཉིན་བཅོ་བརྒྱད་ཙམ་བཞུགས་རྗེས་བོད་ལྗོངས་སྐར་རྩིས་ལྟར་གྱི་བོད་ཟླ་བཞི་བ་ས་ག་ཟླ་བའི་ཚེས་གཅིག་ཉིན་གྱི་ནམ་གསལ་ནས་ཉི་མ་ཤར་བའི་དུས་ཙམ་ལ་མི་བདེ་བ་སྤུ་ཙམ་ཡང་མེད་པར་ཡུན་གྱིས་དབུགས་ནང་དུ་བསྡུས་ཏེ་སྐུ་འདས་གྲོངས་སུ་གྱུར་ཏོ། །

ཁྱད་ཆོས་གཙོ་བོ་ཞིག

     ཁོང་སྐུ་འདའ་ཁའི་སྔ་ཕྱིར་ལུས་སེམས་ལ་ན་ཚ་དང་མི་བདེ་བ་ཅི་ཡང་མེད་པ་འདི་རེད།   ཁོང་སྐུ་གྲོང་བའི་སྐོར་མཁན་པོ་རྡོར་འཛིན་གྱིས་མི་སྣ་སྐོར་ཞིག་ལ་བཅར་འདྲི་བྱས་ཏེ་སྒྲ་བླངས་ཡོད་པ་མང་བོས་ཤེས་གསལ་རེད།   བཅར་འདྲི་བྱེད་སའི་མི་སྣ་དེ་དག་ཀྱང་དགོན་དེའི་མཁས་བཙུན་བཟང་བོའི་ཡོན་ཏན་ཅན།   ཀུན་སྤྱོད་ལེགས་ཤིང་མི་གཞི་བཟང་བ་ས་འདི་ཕྱོགས་ནས་ཚང་མས་ཁས་ལེན་ཐུབ་པའི་བླ་གྲྭ་སྐོར་ཞིག་རེད།    གཞན་མི་སྐྱ་གཅིག་ལ་བཅར་འདྲི་བྱས་ཡོད་པ་དེ་ཡང་ཀུན་གྱིས་རློམ་ཆོག་པའི་མི་ཞིག་ཡིན་པས་མི་ཚད་ཁོས་བཤད་སྟངས་ཀྱིས་ཀྱང་འུད་བསྟོད་བྱས་ཡོད་མེད་ཧ་གོ་བ་ཞིག་རེད།    ཚང་མས་གཅིག་མཐུན་གྱིས་བཤད་པ་ལ་ཉན་འོང་ན་སྐུ་མ་འདས་པའི་སྔོན་དང་འདའ་ཁ་སོགས་སུ་ཁོང་གི་ལུས་ལ་ཟུག་གཟེར་དང་སེམས་ལ་འཚེར་སྣང་སྤུ་ཙམ་ཡང་མེད་པ་འདི་ཚང་མའི་ཁ་གཅིག་མཐུན་ཡིན་པས་དོན་དངོས་ཡིན་པ་ར་འཕྲོད་ཡོད་པ་ཞིག་རེད།    

དངོས་ཟིན་འདི་ལ་འུད་བསྟོད་ཡོད་མེད་ཀྱི་ཐད།

     བདག་གིས་དངོས་ཟིན་འདི་བྲིས་ཚར་རྗེས་མཁན་པོ་རྡོར་འཛིན་ལ་གཟིགས་ཞིབ་བྱེད་དུ་བཅུག་སྟེ་དགོངས་འཆར་གནང་རོགས་ཞུས་པ་ཡིན།  མཁན་པོས་གསུངས་རྒྱུར།   རྩོམ་ཡིག་འདི་ལ་ནོར་འཁྲུལ་དང་མི་འགྲིག་ས་གང་ཡང་མེད་ཀི     འུད་བསྟོད་དེ་བས་ཀྱང་མེད་ཀི    དོན་དངོས་ཇི་བཞིན་རེད།    ཁོང་ལ་འཆི་ཁ་གནད་གཅོད་ཀྱི་སྡུག་བསྔལ་སྤུ་རྩེ་ཙམ་ཡང་མེད་པས་མི་ཚད་ལུས་སེམས་གཉིས་ཀར་བདེ་དགས་ཁྱབ་འདུག་ཡོད་པ་ཞིག་རེད།    འདི་ནི་གསང་སྔགས་ཀྱི་རྒྱུད་སྡེ་ཟབ་མོ་དཔལ་རྡོ་རྗེ་སེམས་དཔའ་ལྟ་བུའི་ཡི་དམ་ལྷག་པའི་ལྷའི་བསྙེན་པ་མང་པོ་བགྲང་བའི་ནུས་པ་མངོན་གསལ་ལ་བུད་བཏང་ནི་རེད་བསམ་གི་གསུངས་སོང་།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-08-22 ལྟ་ཀློག (10621)