རང་སེམས་ཆོས་ལ་སྦྱོར་རྣམས་སྙིང་ནས་བསྟོད།

༄༅།། རང་སེམས་ཆོས་ལ་སྦྱོར་རྣམས་སྙིང་ནས་བསྟོད།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།  


བསྒྲུབ་བྱའི་དོན་རྣམས་སང་ཉིན་གནངས་ཉིན་ནམ། །

སང་ལོ་གནངས་ལོར་བསྒྲུབ་པར་བྱ་སྙམ་པའི། །

ཕྱི་བཤོལ་ལེ་ལོའི་དབང་གྱུར་ཐ་མལ་བ། །

ཅི་ཡང་མ་འགྲུབ་མི་ཚེ་ཟད་པ་མང་།།


བློ་དང་བརྩོན་པ་ཅུང་ཟད་ཡོད་ན་ཡང་། །

རང་ཉིད་གཅིག་པུ་མཆོག་འཛིན་གཞན་ཕལ་ཆེར། །

རྐང་འོག་རྡུལ་དུ་བརྩི་བའི་ང་རྒྱལ་ཅན། 

མི་ཁའི་ཀློང་ན་སྙིང་རླུང་འཕར་བ་མང་། །


རང་ལ་བཀུར་འོས་ཡོན་ཏན་ཅུང་མཆིས་ཀྱང་། །

གཞན་གྱི་ཕུན་ཚོགས་མཐོང་ཚེ་མི་བཟོད་པའི། །

ཕྲག་དོག་ཅན་རྣམས་མཐོན་པོའི་ཁྲི་སྟེང་ནས། །

སེམས་པ་མྱ་ངན་གཤོང་ན་འགྱེལ་བ་མང་། །


ཚེ་གང་གཞན་ལ་བསླབ་བྱ་བྱེད་ན་ཡང་། །

རང་གི་སེམས་རྒྱུད་མ་ཐུལ་སློབ་དཔོན་གྱི། །

མིང་བྱང་ཅན་ཡང་གྲགས་སྟོང་འཐོར་རླུང་གིས། །

འཁྱེར་ནས་སྨད་པའི་རྫབ་ཏུ་བཅུག་པ་མང་། །


བྱམས་དང་སྙིང་རྗེ་སྟོང་ཉིད་རིམ་གཉིས་སོགས། །

ཆོས་སྐད་རྫིག་པོས་འཁོར་ཚོགས་མང་བསྡུས་ཀྱང་། །

སྐྱབས་འགྲོ་ལས་འབྲས་རྨང་གཞི་མ་བཏིང་བའི། །

ཆོས་པའི་གཟུགས་བརྙན་ཆོས་དང་འགལ་བ་མང་། །


སྐབས་འགར་ཕམ་ཁའི་མུན་ནག་ལ་བྱིང་ཡང་། །

རྒྱལ་ཁའི་ཉིན་བྱེད་འོད་ལ་འཕྲད་པ་འབྱུང་། །

སྐབས་འགར་རྒྱལ་ཁའི་འོད་ཀྱིས་མྱོས་ན་ཡང་། །

གློ་བུར་ཕམ་ཁའི་སྨག་ལ་ལྷུང་བའང་མང་། །


དེ་ཕྱིར་རང་གཞན་གཉིས་ཕན་དགེ་བའི་ལས། །

ནམ་ཡང་ཕྱི་བཤོལ་མི་བྱེད་འཕྲལ་མར་སྒྲུབ། །

ཤེས་བརྩོན་བག་ཡོད་ལྡན་ཞིང་རང་གི་སེམས། །

ཆོས་ལ་ཚུལ་བཞིན་སྦྱོར་རྣམས་སྙིང་ནས་བསྟོད། །

    ༢༠༡༧ལོའི་ཕྱི་ལུགས་ཟླ༡༠ཚེས་༧ལ། རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ནས།



རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2022-08-20 ལྟ་ཀློག (3727)