༢༡ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།

༄༅།། ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པ་ལས་བྱུང་བའི་མྱོང་ཚོར་པད་དཀར་འཕྲེང་མཛེས།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།  

ཨགྣིའི་ཡུལ (焉耆་དུ་སླེབས་པ།

    སློབ་དཔོན་རྨད་བྱུང་གཟི་བརྗིད་དེ་ལྟར་ཀོ་ཕྲེང་དང་གྱེས་ཏེ་མུ་མཐུད་དུ་ནུབ་ཀྱི་ཕྱོགས་སུ་ཕལ་ཆེར་ལེ་དབར་བརྒྱ་ལྷག་ཙམ་ཕེབས་པ་ན་ཨགྣི་ཞེས་པའི་ཡུལ་དུ་སླེབས། དེ་ཡང་ནུབ་ཕྱོགས་མྱུལ་བའི་སྒྲུང་གི་ནང་དུ་ཞོན་ཙང་དཔོན་སློབ་བཞི་བོ་ཡུལ་འདིར་སླེབས་དུས་མེ་ལྕེ་མཆེད་པའི་རི་བོ་ (火焰山ཞེས་བྱ་བ་རང་བྱུང་གི་ཁོར་ཡུག་ཆེས་ངན་པ། ཆུ་མེད་པའི་མྱ་ངམ་གྱི་གནས། དུས་རྒྱུན་པར་མེ་ལྕེ་ལམ་ལམ་དུ་མཆེད་པའི་རི་བོ་ཞིག་གིས་མདུན་ལམ་བཀག་ཅིང་། མེ་ལྕེ་གཞིལ་བར་བྱེད་པ་ལ་ངེས་པར་ལྕགས་ཀྱི་རླུང་གཡབ་འཆང་བའི་སྲས་མོ་ (铁扇公主ཞེས་བྱ་བའི་ལག་གི་ཆུ་ཤིང་གི་རླུང་གཡབ་ (芭蕉扇དགོས་པར་བཤད་མོད། དངོས་ཡོད་ཀྱི་ལོ་རྒྱུས་ལ་ཡུལ་འདི་ན་དེ་འདྲའི་རི་བོ་ཞིག་ཡོད་དམ། དེས་སློབ་དཔོན་གྱི་བགྲོད་ལམ་བཀག་མྱོང་ངམ་ཞེ་ན། ཡོད་ངེས་ཏེ། དེ་ནི་ད་ལྟའི་ཞིན་ཅང་ཐུ་རུ་ཧྤན་གཤོང་སར་ (吐鲁番盆地ཡོད་པར་བཤད་ལ། མེ་ལྕེ་མཆེད་པའི་རི་བོའི་ཉེ་འདབས་ན་སྔོན་གྱི་ཀོ་ཕྲེང་རྒྱལ་ཁབ་ཀྱི་རྒྱལ་ས་དེ་གནས་པར་གྲགས་པས་སོ།། འོན་ཀྱང་རང་བྱུང་གི་ཁོར་ཡུག་ངན་པ་དེས་སློབ་དཔོན་གྱི་བགྲོད་ལམ་བཀག་པའི་ལོ་རྒྱུས་མེད་མོད། རི་གཟར་གྱི་རྦབ་རྡོ་དང་འདྲ་བའི་རྒྱལ་བོའི་བཙན་ཤུགས་དང་མེ་ལྕེ་དང་འདྲ་བའི་འདོད་ཡོན་ནི་རེ་ཞིག་ལམ་གྱི་བར་ཆད་དུ་གྱུར་མྱོང་། འོན་ཀྱང་དེ་ཉིད་གཞིལ་བྱེད་ལ་ཆུ་ཤིང་གི་རླུང་གཡབ་བཀོལ་བ་མ་ཡིན་པར་སློབ་དཔོན་རྨད་བྱུང་གཟི་བརྗིད་རང་ཉིད་ཀྱི་འགྱུར་བ་མེད་པའི་དམ་བཅའ། འཇིགས་པ་མེད་པའི་སྙིང་སྟོབས། བསླད་མ་འདྲེས་པའི་ལྷག་བསམ་འབའ་ཞིག་བཀོལ་བ་ཡིན་ཚུལ་གོང་དུ་བཤད་པ་ལྟར་རོ།།

    ཀོ་ཕྲེང་ངམ་ཀོ་ཁྲང་ཞེས་པའི་མིང་འདི་བྱང་མའི་ལོ་རྒྱུས་ལས་རྒྱ་སྐད་ཅིག་ཡིན་པར་བཤད་ལ། བྱང་མའི་ལོ་རྒྱུས《北史》ཞེས་པ་ནི་ལོ་རྒྱུས་ཉེར་བཞིའི་ནང་ཚན་ཞིག་སྟེ། ཝེ་《魏书》དང་། ཆིས་བྱང་མ་དང་།《北齐书》ཀྲོའུ་《周书》དང་། སུའེ་《隋书》རྣམས་ཀྱི་ལོ་རྒྱུས་ཕྱོགས་གཅིག་ཏུ་བསྡུས་པའི་ལོ་རྒྱུས་་ཡིག་ཆ་ཞིག་ཡིན་ལ། རྩོམ་པ་བོའི་མིང་ལ་ལིས་ཏཱ་ཧྲི་ (李大师ཟེར་ཞིང་། གཞན་ལྷོ་མའི་《南史》ལོ་རྒྱུས་ཟེར་བ་ཞིག་ཀྱང་ཡོད་པ་ནི་བྱང་མའི་ལོ་རྒྱུས་རྩོམ་པ་བོ་ལིས་ཏཱ་ཧྲི་ཞེས་པ་དེའི་བུ་ལིས་ཡན་ཧྲུའུ་ (李延寿ཞེས་བྱ་བས་བརྩམས་པའོ།། བྱང་མའི་ལོ་རྒྱུས་ལས་བམ་པོ་གོ་བདུན་པ་ནུབ་ཡུལ་ལོ་རྒྱུས་ (西域传ཞེས་པར། ཧན་ནུབ་མའི་དུས་སུ་ཀོ་ཕེང་ངམ་ཀོ་ཁྲང་ (高昌ཞེས་པའི་ཡུལ་འདིའི་མིང་ལ་ཀོ་ཁྲང་པིས་ (高昌壁ཞེས་བྱ་ཞིང་། ས་བབས་མཐོ་བས་ཀོ་ (ཞེས་དང་། མི་ཁྱིམ་མང་བས་ཁྲང་ (ཞེས་བྱ་བར་བཤད་དོ།།          

    ཡུལ་འདིའི་དད་པ་དང་གཏོང་ཕོད་ཆེ་བའི་རྒྱལ་བོ་དེ་དང་སློབ་དཔོན་རྨད་བྱུང་གཟི་བརྗིད་གཉིས་སྤུན་གྲོགས་བསྒྲིགས་ནས་གཅིག་གིས་གཅིག་མི་བསླུ་བའི་མནའ་ཚིག་བསྒྲགས་པ་ནི་ཤིན་ཏུ་དགའ་བ་ཞིག་ཡིན་མོད། འོན་ཀྱང་སློབ་དཔོན་གྱིས་རྒྱལ་བོའི་རེ་འདོད་དེ་སྐོང་མ་ཐུབ་པ་དེ། བདག་གི་ཡིད་ལ་དྲན་ཐེངས་རེར་ཡང་སྐྱོ་གདུང་གི་མིག་ཆུ་དབང་མེད་དུ་འབྱིན་པར་བྱེད། ཡིན་ན་ཡང་དེ་ནི་སློབ་དཔོན་གྱིས་ཁྲེལ་མེད་མཛད་པ་གཏན་ནས་མིན་ཏེ། སློབ་དཔོན་རྒྱ་གར་དུ་སློབ་གཉེར་ལེགས་པར་གྲུབ་ནས་ཚུར་ཕེབས་པ་ན། རྒྱལ་ཁབ་དེ་ཉིད་ཐང་གུར་ཆེན་པོས་བསྣུབས་འདུག་ཅིང་རྒྱལ་བོ་ཡང་གྲོངས་འདུག་པས་སོ།།

    འོ་ན་ཨགྣི་ཞེས་པའི་དོན་ཅི་ཡིན་ཞེ་ན། དེ་ནི་མེ་ཞེས་པའི་ལེགས་སྦྱར་གྱི་སྐད་ལས་བྱུང་བར་བཤད་ཅིང་། ཡུལ་འདི་བ་རྣམས་སྔོན་མེ་ལྷ་མཆོད་པའི་ཆོས་ལུགས་ཤིག་ལ་དད་པ་བྱེད་པར་ཡང་གྲགས་སོ།། སྔོན་གྱི་རྒྱའི་ཡིག་ཚང་རྣམས་སུ་ཡུལ་འདིའི་མིང་ལ་ཡན་ཆིས་ (焉耆ཞེས་འབོད་ཅིང་། ཡུལ་དེ་ནི་ད་ལྟའི་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་གཏོགས་པའི་ཡན་ཆིས་ཧེ་རིགས་རང་སྐྱོང་རྫོང་ (新疆维吾尔自治区管辖焉耆回族自治县འདི་ན་ཡོད་པར་བཤད་དོ།། སློབ་དཔོན་གྱིས་ཡུལ་འདིའི་རྒྱལ་བོ་ལ་ཀོ་ཁྲང་རྒྱལ་བོའི་ཕྱག་ཡིག་བསྟན་པ་ན། རྒྱལ་བོ་དེ་ཉིད་རབ་ཏུ་ཁྲོས་སོ།། དེ་ཡང་རྒྱལ་བོ་འདི་དང་ཀོ་ཁྲང་གཉིས་མི་འཆམ་པར་འདུག་པས་ཡིན་ནོ།། དེའི་ཕྱིར་སློབ་དཔོན་ཡུལ་འདིར་ཞག་གཅིག་ཙམ་ལས་མ་བཞུགས་པར་བཤད། འོན་ཀྱང་སློབ་དཔོན་ནི་རྣམ་དཔྱོད་འགྲན་ཟླ་མེད་པས་དེ་འདྲའི་དུས་ཡུན་ཐུང་ཐུང་ཞིག་ལའང་རྒྱལ་ཕྲན་འདིར་ཚིག་ཉུང་ལ་དོན་རྒྱས་པའི་སྡོམ་ཚིག་ཡ་མཚན་པ་ཞིག་བཀོད་འདུག་སྟེ། དང་བོ། རྒྱལ་ཁབ་འདིས་བེད་སྤྱོད་བྱེད་རྒྱུ་ནི་རྒྱ་གར་གྱི་ཡི་གེ་ཡིན་ལ། དེ་ལ་ཕྲི་སྣོན་ཅུང་ཟད་ཅིག་བྱས་འདུག་པར་བཤད། (文字取自印度,微有增损。གཉིས་པ། གསེར་དང་དངུལ་དང་ཟངས་ཊམ་བེད་སྤྱོད་བྱེད་པའི་རྒྱལ་ཁབ་ཅིག་ཡིན་པར་བཤད།(货用金钱、银钱、小铜钱。)གསུམ་པ།  རྒྱལ་བོ་ཡུལ་དེ་གའི་མི་རྒྱུད་ཡིན་ལ། གཡུལ་ངོར་ཞུགས་ན་དཔའ་སྟོབས་ཡོད་པ་ཞིག་ཡིན་མོད། འོན་ཀྱང་སྲིད་སྐྱོང་གི་ཐབས་ལ་མི་མཁས་ཤིང་རང་བསྟོད་ལ་དགའ་བ་ཞིག་གོ། རྒྱལ་ཁབ་ཀྱི་སྒྲིག་སྲོལ་མི་བཟང་ཞིང་ཁྲིམས་ཀྱི་ཆ་ལག་ཀྱང་མི་ཚང་བར་བཤད།(王,其国人也,勇而寡略,好自称伐。国无纲纪,法不整肃。)བཞི་བ། ཡུལ་འདིར་གཙུག་ལག་ཁང་བཅུ་ཕྲག་ལྷག་ཙམ་ཡོད་ལ་དགེ་འདུན་པ་གཉིས་སྟོང་ལྷག་བཞུགས། གྲུབ་མཐའ་ནི་ཐེག་དམན་གྱི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་འཛིན་པར་མངོན་ནོ།། (伽蓝十余所,僧徒二千余人,习学小乘教一切有部)དགེ་འདུན་པ་རྣམས་རང་གིས་ཁས་བླངས་པའི་སྡོམ་ཁྲིམས་དང་ཀུན་སྤྱོད་གཙང་མར་སྲུང་བ་ལ་འབད་མོད། འོན་ཀྱང་རྣམ་གསུམ་དག་པའི་ཤ་ཟ་བས་ད་དུང་ཐེག་དམན་གྱི་བསྟན་པ་ལ་གནས་པར་བཤད་དོ།། (戒行律仪洁清勤励,然食杂三净,滯于渐教矣。)

    དེ་ཡང་སློབ་དཔོན་གྱིས་ཡུལ་ཁམས་འདིར་རྒྱལ་ཁྲིམས་མི་དམ་ཞིང་བདེ་འཇགས་མི་བཟང་བར་བཤད་པ་ནི་ཡུལ་འདིའི་རྒྱལ་བོས་སློབ་དཔོན་ལ་རྣམ་འགྱུར་ངན་པ་བསྟན་པས་འཁོན་ལན་བསློག་པའི་ཕྱིར་ཆེད་དུ་ངན་མཚང་བསྒྲགས་པ་མ་ཡིན་གྱི། གནས་ཚུལ་དངོས་ཀྱི་རང་བཞིན་དྲང་བོར་གསུངས་པ་ཡིན་ཏེ། སློབ་དཔོན་འཁོར་བཅས་ཧོར་མི་ཚོང་བ་བཅུ་ཕྲག་ལྷག་དང་ལྷན་ཅིག་རྒྱལ་ས་དེེའི་ཉེ་འདབས་ཀྱི་ལུང་བ་ཞིག་ཏུ་ཇག་པས་བཅོམ་པར་བཤད་པས་སོ།། བཅོམ་ས་དེ་ཡང་གྲོང་ཁྱེར་དང་ཁ་ཐག་ཧ་ཅང་རིང་བའི་ས་སྟོང་ལུང་སྟོང་ཞིག་མ་ཡིན་པར་རྒྱལ་སའི་ཉེ་འདབས་རེད། དེ་ནི་ཁྲིམས་དང་སྒྲིག་སྲོལ་ཧ་ཅང་ཞན་པའི་མཚན་རྟགས་ཤིག་མ་ཡིན་ནམ། 

    དེ་ཡང་སློབ་དཔོན་འཁོར་བཅས་ཧོར་མི་ཚོང་བ་དང་བཅས་པ་མཚན་མོར་ཨགྣིའི་ཡུལ་གྱི་རྒྱལ་ས་དང་ཐག་མི་རིང་བའི་གནས་ཨ་ཧྥུ་ཧྲིའི་ཆུ་མིག་ (阿父师泉གམ་ཡབ་ཀྱི་ཆུ་མིག་ཅེས་པ་ཞིག་གི་འགྲམ་དུ་བསྡད། དེ་ནས་མཐོ་ཞིང་རྒྱ་ཁྱོན་ཆེ་བའི་དངུལ་རི་ (银山ཞེས་པ་དེ་བགྲོད་སྐབས་ཇག་པ་དང་འཕྲད་དེ་སློབ་དཔོན་དང་བཅས་པའི་ལམ་གྲོན་དང་ནོར་རྫས་ཅུང་ཙམ་འཕྲོག ས་ཡང་རུབ་ལ་ཉེ་བས་ཉེན་ཁ་ཆེ་བར་དགོངས་ཏེ་མཚན་མོ་དེར་སློབ་དཔོན་ཚོང་བ་དང་བཅས་པ་ཐམས་ཅད་ས་དེ་ཉིད་དུ་བསྡད། མཚན་ཕྱེད་ཙམ་ན་ཧོར་མི་ཚོང་བ་རྣམས་སྔ་མོ་ནས་ཚོང་རར་སླེབས་པའི་ཆེད་དུ་སློབ་དཔོན་ལ་མ་བོས་པར་གསང་སྟབས་ཀྱིས་ལམ་ལ་ཆས། འོན་ཀྱང་ཤིན་ཏུ་ཡིད་སྐྱོ་བ་ཞིག་ལ་ལེ་དབར་བཅུ་ཙམ་སོང་རྗེས་ཇག་པ་དང་འཕྲད་པས། ཚོང་རྫས་རྣམས་ལྷག་མ་མེད་པར་འཕྲོག ཐ་ན་རང་གི་སྲོག་ཀྱང་རང་ལ་མ་དབང་བར་ཚང་མ་ཇག་པས་བསད་འདུག་པ་དེའོ།།  

    སློབ་དཔོན་རྨད་བྱུང་གཟི་བརྗིད་འཁོར་དང་བཅས་པ་དེ་ནས་རིམ་གྱིས་ཨགྣིའི་རྒྱལ་སར་སླེབས་པ་ན། རྒྱལ་བོས་སྣེ་ལེན་ལེགས་པར་བྱས་ཀྱང་ཀོ་ཁྲང་རྒྱལ་བོས་བསྐུར་བའི་འཕྲིན་ཡིག་བསྟན་པ་ན་དེ་མ་ཐག་རབ་ཏུ་ཁྲོས་ཏེ་རྣམ་འགྱུར་ཧ་ཅང་ངན་པ་བསྟན་ཏོ།། འདི་གཉིས་ཀྱི་བར་ལ་ཞེ་འཁོན་ཡོད་འདུག་པས་ཡིན་ནོ།། དེའི་ཕྱིར་སློབ་དཔོན་དེར་མཚན་གཅིག་ལས་མ་བཞུགས་སོ།།

    ཨ་ཧྲིའི་ཆུ་མིག་ (阿父师泉)གམ་བླ་མ་ཡབ་ཀྱི་ཆུ་མིག་ཅེས་པ་ལ་ཡུལ་འདིར་གཏམ་རྒྱུད་སྙན་མོ་ཞིག་གམ་དགའ་སྐྱོ་འདྲེས་མའི་སྣང་བ་སྟེར་བའི་གཏམ་རྒྱུད་ཅིག་བཤད་རྒྱུ་ཡོད། ཆུ་མིག་འདི་ད་ལྟའི་ཞིན་ཅང་ཐེན་ཧྲན་རི་བོའི་ཉེ་འདབས་ཀྱི་ལུང་གཞུང་ཞིག་ན་ཡོད་ཅིང་། ད་ལྟའི་ཐུའོ་ཁེ་ཞུན་རྫོང་མཁར་ (托克逊县城གྱི་ལྷོ་ནུབ་ཏུ་སྤྱི་ལེ་སུམ་བཅུ་ཙམ་སོང་མཚམས་ན་ཡོད་པར་གྲགས། དེ་ཡང་འདི་ལྟར་ཐོས་ཏེ། སྔོན་འདས་པའི་དུས་ཤིག་ན་མི་བརྒྱ་ཕྲག་དུ་མ་དང་བཅས་པའི་ཚོང་སྡེ་ཞིག་ཡུལ་འདི་ནས་བརྒྱུད་པ་ན་ཆུ་ཐམས་ཅད་ཟད་དེ་ཤིན་ཏུ་སྐོམ་ཞིང་ཅི་བྱ་གཏོལ་མེད་དུ་གྱུར་བ་ན། ཚོང་བའི་གྲས་ཀྱི་མི་ཞིག་གིས། རང་ཅག་ཐམས་ཅད་ཀྱིས་ལམ་གང་བོར་བཙུན་པ་འདི་ལ་བཟའ་བཏུང་སྦྱིན་པ་བཏང་ནས་འོངས། ཁོ་རང་གིས་ཅི་ཡང་བཟུང་མི་འདུག་པ་དེ་རེད། ད་ལྟ་རང་ཅག་ཚང་མར་འཐུང་ཆུ་ཟད་པས་བྲེལ་འཚུབ་ལངས་པ་འདི་ལྟ་ལགས་ཀྱང་ཁོ་ལྷོད་ཀྱིས་བསྡད་འདུག ད་ནི་ཆུ་འཚོལ་བའི་འགན་ཁུར་ནི་ཅིས་ཀྱང་ཁོ་ལ་བབས་འདུག་གོ་ཞེས་ལེ་ལན་དང་ཟུར་ཟའི་ཚུལ་དུ་སྨྲས་པ་ཡིན་མོད། འོན་ཀྱང་ཐམས་ཅད་ཀྱིས་མ་བསམ་པ་ཞིག་ལ་བཙུན་པ་ཁོང་གིས་འགན་འཁུར་རམ་རེ་བ་བཏོན་པ་དེ་དང་ལེན་བྱས་ཤིང་ཐམས་ཅད་ལ་འདི་སྐད་དུ། ཁྱེད་ཅག་ཆུ་ཐོབ་འདོད་ན་སངས་རྒྱས་ལ་ཕྱག་བཙལ་དགོས། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་སྟེ་སྤང་བྱ་ལྔ་སྤང་དགོས། གལ་ཏེ་དེ་ལྟར་བྱེད་ནུས་ན་ནི་བདག་ཀྱང་བྲག་ཐེམ་ལ་ཡར་འགོས་ནས་ཁྱེད་ཅག་ལ་ཆུ་འབྱིན་པར་བྱའོ་ཞེས་གསུངས་པར། དེར་གནས་ཐམས་ཅད་ཡིད་ཆེས་ལ་མ་ཆེས་པ་ལྟ་བུར་ཡོད་ཀྱང་བྱ་ཐབས་གཞན་མེད་པས་དེས་གསུངས་པ་ལྟར་བྱེད་པར་ཁས་བླངས་སོ།།  

    དེ་ནས་བཙུན་པ་དེ་བྲག་ཐེམ་ལ་ཡར་འགོས་ཏེ་སོང་བས་ཅང་མ་འགོར་བར་བྲག་ཐེམ་ནས་མར་ཆུ་བཞུར་ཏེ་འོངས། ཚོང་བ་རྣམས་དགའ་བས་རབ་ཏུ་མྱོས་ཏེ་ཆུ་ཡིད་ཚིམ་པ་ཞིག་འཐུང་བར་མ་ཟད། ཆུ་སྣོད་དུ་ཆུ་གང་རེ་བླངས་ནས་བསྒུག་པས་བཙུན་པ་དེ་མར་བབ་མ་བྱུང་། དེ་ནས་ཡར་འགོས་ཏེ་བལྟས་པ་ན་ཐེམ་པ་དེར་སྐུ་མྱ་ངན་ལས་འདས་ནས་འདུག་པ་མཐོང་བས་ཚོང་བ་རྣམས་ཀྱིས་མཆོད་རྟེན་བརྩིགས་ཏེ་དེའི་སྐུ་གདུང་བཞུགས་སོ།། སློབ་དཔོན་རྨད་བྱུང་གཟི་བརྗིད་གནས་འདི་བརྒྱུད་ནས་ཕེབས་དུས་བླ་མ་ཡབ་ཀྱི་ཆུ་མིག་ནི་ད་དུང་རྒྱུན་མ་ཆད་པར་བཞུར་གྱིན་འདུག་གོ།

    ཨགྣིའི་ཡུལ་གྱི་ཨ་ཧྥུ་ཧྲིའི་ཆུ་མིག་ (阿父师泉ཞེས་པ་དེང་སང་གི་ཞིན་ཅང་ཐུའོ་ཁེ་ཞུན་རྫོང་ཨ་ཀི་མོ་པུ་ལཱ་ཁེ་ (新疆托克逊县阿格木布拉克ཟེར་བ་འདི་ཡིན་པར་འདུག་སྟེ། ཡུ་གུར་སྐད་དུ་ཨ་ཀི་ (阿格ནི་ཡབ་ཅེས་པའི་དོན་དང་། པུ་ལཱ་ཁེ་(布拉克)ནི་ཆུ་མིག་ (གི་མིང་ཡིན་པར་བཤད་པས་སོ།།

    སྨྲས་པ།

འཕོ་འགྱུར་ཇི་ལྟར་གྱུར་ཀྱང་དྲང་བདེན་གྱི། །

ལོ་རྒྱུས་གསལ་བའི་མེ་ལོང་དྭངས་མོའི་ངོར། །

ལྟ་ཚུལ་ཤེས་ན་ཐོག་མའི་གཟུགས་བརྙན་ཡང་། །

ཇི་བཞིན་མཐོང་བའི་གསང་འཕྲུལ་ཡ་མཚན་རྙེད། །

 

དངོས་པོའི་གཤིས་ལུགས་སྒྲིབ་བྱེད་སྔགས་རྫས་ཀྱིས། །

མིག་ཟུང་བསླད་པའི་ཀླད་མེད་བླུན་པོ་ལ། །

མ་དག་ལོ་རྒྱུས་སྒྱུ་མའི་རྟ་གླང་གིས། །

འཁྲུལ་བ་བསྐྱེད་དེ་བདེན་བརྫུན་བཟློག་ཏུ་བཅུག །

 

གཞི་མེད་བརྫུན་གཏམ་ཡང་ཡང་བསྐྱར་ནུས་ན། །

ནམ་ཞིག་བདེན་བདེན་ལྟ་བུར་བསྒྱུར་ཐུབ་ཅིང་། །

བདེན་པ་ཡིན་ཡང་གྲགས་མེད་འགུལ་མེད་དུ། །

འཇོག་ཏུ་བཅུག་ན་ཉམས་ཞེས་གཡོ་ཅན་སྨྲ། །

 

དེ་ཕྱིར་གང་བྱུང་གཏམ་ལ་བབ་ཅོལ་དུ། །

མ་རློམ་རང་གཞན་ཕུང་ལ་སྦྱོར་བ་མང་། །

བྱིས་པ་འཇའ་ཚོན་འཛིན་ཕྱིར་སྙེག་པ་ལྟར། །

དངོས་དང་རིང་དུ་འགྱུར་ཕྱིར་བག་ཟོན་རིགས། །

 

རྒྱལ་ཁབ་གང་ཞིག་ཉམས་པར་བྱེད་འདོད་ན། །

ཐོག་མར་དེ་ཡི་ལོ་རྒྱུས་དཀྲུག་དགོས་ཤིང་། །

མི་རིགས་གང་ཞིག་ནུབ་ཏུ་འཇུག་འདོད་ན། །

ཐོག་མར་དེ་ཡི་རིག་གནས་བསྣུབ་དགོས་ཟེར། །

 

དེ་ཕྱིར་དྲང་བདེན་ལོ་རྒྱུས་མཐོང་བ་དཀའ། །

མཐོང་ཡང་བདེན་ལ་བདེན་པར་འཛིན་པ་དཀའ། །

བདེན་བརྫུན་གོ་ལྡོག་མང་བའི་གཡུལ་ས་ནས། །

གང་བདེན་གང་བརྫུན་བཤད་རྒྱུའང་ཤིན་ཏུ་དཀའ། 

 

རང་གི་སྲུང་སྡོམ་ལྷོད་ནས་བརྫུན་གཏམ་གྱིས། །

རྨོངས་པ་སླུ་བའི་ཚུལ་ལ་སེམས་གཏིང་ནས། །

ཉེས་པར་ལྟ་བའི་མཁས་མཆོག་འདི་འདྲ་ཡིས། །

གསུངས་པའི་ལམ་ཡིག་ད་ལྟའང་མེ་ལོང་ཡིན། །

 

སྔོན་ཚེ་ཐུབ་བསྟན་དར་བའི་མེ་ཏོག་ཚལ། །

ད་ལྟ་ཤུལ་མེད་དུག་ལྡུམ་འཕྱུར་བ་མང་། །

ལེགས་གསུངས་ལེགས་སྦྱར་སྐད་ཀྱིས་སྒྲོག་པའི་ཡུལ། །

ད་ལྟ་ཤུལ་མེད་གཞན་དུ་གྱུར་ལ་ལྟོས། །

 

མི་རྟག་འཕོ་འགྱུར་རྒོད་པའི་རང་བཞིན་གཟུགས། །

འདི་ལྟའི་དྭངས་གསལ་མེ་ལོང་ནས་མཐོང་ཚེ། །

མཇལ་དཀའ་ཆོས་དང་མཇལ་བའི་སྐལ་བཟང་འདི། །

གཅེས་འོས་ཚུལ་ལ་ལྷག་པར་ངེས་པ་རྙེད། །

ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

 

---  མུ་འགོད། ---

 

རྩོམ་ཡིག་མཁོ་སྤྲོད་པ།  བྱམས་པ་དོན་གྲུབ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2022-07-18 ལྟ་ཀློག (3593)