ས་གནས་མི་སྣ་གལ་ཆེན་མཚམས་སྦྱོར། གསར་འགོད་པ། བཅུད།


༄༅། །ཨ་མཁར་བླ་མ་བཀྲ་ཤིས་མགོན་པོའམ་ཡོངས་གྲགས་སུ་བླ་མ་བཀྲ་མགོན་གྱི་རྣམ་པར་ཐར་བ་ཉིང་བསྡུས་དྲི་མེད་ཤེལ་གྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

བཅུད་ཀྱིས་བརྩམས།

ནང་དོན་གནད་བསྡུས།

    རྣམ་པར་ཐར་བ་འདིའི་ནང་དུ་ཉམས་ལེན་པ་ཨ་མཁར་བླ་མ་བཀྲ་ཤིས་མགོན་པོའི་སྐུ་ཚེའི་མཛད་པ་ཉིང་བསྡུས་ཏེ། སྐུ་འཁྲུངས་པའི་སྐོར་དང་བླ་མར་མཇལ་བ། སྒྲུབ་པ་ཉམས་ལེན་ཚུལ་བཞིན་བྱས་པ། དབང་ལུང་ཁྲིད་གསུམ་གསན་ཚུལ། སེམས་ཅན་གྱི་འགྲོ་དོན་མཛད་པ་སོགས་ཧ་ཅང་བསྡུས་པའི་སྒོ་ནས་བྲིས་ཡོད།

དྲི་མེད་སྙིང་རྗེ་ཆེན་པོའི་དཔལ་མངའ་ཞིང་། །

འགྲོ་རྣམས་བྱམས་བརྩེའི་ཞགས་པས་མི་གཏོང་བ། །

དཔལ་ལྡན་བླ་མའི་དགོངས་ཀློང་དབྱེར་མེད་པའི། །

འཕགས་མཆོག་མིག་མི་ཟུམ་པར་སྙིང་ནས་འདུད། །

རྒྱལ་ཀུན་བྱིན་མཐུའི་བདུད་རྩི་སྙིང་ལ་སིམ། །

ཕན་བདེའི་འོད་དཀར་འགྲོ་བའི་དཔལ་དུ་འགྱེད། །

རྣམ་དག་ཚུལ་ཁྲིམས་སྤོས་ཀྱི་དྲི་བཟང་ཅན། །

བརྩེ་ཆེན་བླ་མའི་རྣམ་ཐར་ཤེལ་ཕྲེང་སྤེལ། །

དང་བོ།    སྐུ་བལྟམས་པ་དང་འཁྲུངས་པའི་ཡུལ།

  དེ་ཡང་ཉམས་ལེན་པ་ཨ་མཁར་བླ་མ་བཀྲ་ཤིས་མགོན་པོ་མཆོག་སྐུ་འཁྲུངས་པའི་ཡུལ་ནི་བོད་མདོ་དབུས་ཁམས་གསུམ་གྱི་ནང་ཚན་མདོ་སྨད་ཨ་མདོའི་ཆར་གཏོགས་མགོ་ལོག་འབུམ་པ་ཁག་གསུམ་ཞེས་ཡོངས་སུ་གྲགས་པའི་དགའ་བདེ་རྫོང་ཁོངས་སུ་ཡབ་ནི་མགོ་ཚང་ཞེས་པའི་རུས་རྒྱུད་དུ་གཏོགས་པའི་ཚེ་ལྷུན་དང་ཡུམ་ནི་ཨ་མཁར་བཟའ་ལྷ་མཚོ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་དྲུག་པའི་ཤིང་གླང་སྟེ་སྤྱི་ལོ་༡༩༨༥ལོའི་དབྱར་ཟླ་འབྲིང་བོའི་བཞི་རྒྱལ་ལ་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་བལྟམས། མགར་བླ་མཁན་པོ་བློ་བཟང་ཚུལ་ཁྲིམས་ཀྱིས་ཁོང་གི་མཚན་ལ་བཀྲ་ཤིས་མགོན་པོ་ཞེས་བཏགས། ཨོ་རྒྱན་སྐུ་གསུམ་གླིང་བ་དང་མཁན་པོ་བློ་བཟང་ཚུལ་ཁྲིམས་རྣམ་པ་གཉིས་ཀྱིས་ཁོང་ནི་མགོ་བླ་བཀྲ་ཤིས་ཕུན་ཚོགས་(མགོ་བླ་བཀྲ་ཤིས་ཕུན་ཚོགས་ཀྱི་རྣམ་ཐར་སྐོར་ལ་མཁན་ཐུབ་བསྟན་ཉི་མར་བཅར་འདྲི་ཞུས་པར། ཁོང་གིས་གསུང་རྒྱུར། ཉིན་ཞིག་ལ་མཁན་རིན་པོ་ཆེ་བློ་ཚུལ་གྱིས་པྲ་ཞིག་ཕབ་ཅིང་། བླ་མ་བཀྲ་ཤིས་མགོན་པོ་མཆོག་མགོ་བླ་བཀྲ་ཤིས་ཕུན་ཚོགས་ཀྱི་ཡང་སྤྲུལ་འཁྲུལ་མེད་དུ་ངོས་འཛིན་གནང་། བླ་མ་བཀྲ་ཤིས་ཕུན་ཚོགས་ནི་ཨ་སྐྱོང་བསྟན་འཛིན་བཟང་བོས་ཨ་སྐྱོང་གོང་མའི་མགོན་བླར་བསྐོས་ཤིང་། ལོ་རེ་རེ་བཞིན་གངས་ལུང་རྡོ་མཁར་གྱི་ཉེ་ས་ནས་ཨ་སྐྱོང་གོང་མའི་དུས་སྲུང་ཕུར་བ་ཟླ་སྒྲུབ་ཀྱི་རྡོ་རྗེ་སློབ་དཔོན་དུ་བཞུགས། དེའི་དུས་སུ། གངས་ལུང་གི་གྲྭ་དགེ་བཀྲ་ཟེར་བ་ཞིག་ནངས་མོར་རྒྱུན་དུ་མགོ་བླ་བཀྲ་ཤིས་ཕུན་ཚོགས་ཀྱི་སྐུ་མདུན་དུ་སོང་བས་ན། ཤ་དང་ཞུན་མར་སོགས་མང་བོ་གནང་བས་གྲྭ་དགེ་བཀྲ་རྒྱུན་དུ་མགོ་བླ་བཀྲ་ཤིས་ཕུན་ཚོགས་ཀྱི་སྐུ་མདུན་དུ་སོང་བ་རེད།   ཉིན་ཞིག་ལ་གྲྭ་དགེ་བཀྲས་བླ་མར་ཞུ་རྒྱུར། ངས་ནི་ནམ་རྒྱུན་ཁྱེད་ཀྱི་དཀྱིལ་འཁོར་གྱི་འོག་ན་བྱིས་པ་ཞིག་གི་ངུ་སྐད་ཐོས་བྱུང་ཞེས་བཤད།    དེའི་དུས་སུ་བླ་མས་ཁོ་ལ་ཐུགས་དྲག་བཙན་པོས་བཀའ་བཀྱོན་གནང་ཞིང་།    ཁྱོད་འུ་གཉིས་ཀྱིས་དེ་འདྲ་ཞིག་མ་གཏོགས་གོ་རྒྱུ་མེད།   ངས་སྒྲུབ་དཔོན་བྱེད་དུས་ཁྱོད་ཀྱིས་དཀྱིལ་འཁོར་གྱི་འོག་ནས་བྱིས་པའི་ངུ་སྐད་གོ་བ་ཐན་ལྟས་རེད་ཅེས་གསུངས་ནས་ཐུགས་གཏུམ་པོ་དང་བཅས་བཞུགས།    ཕྱིས་སུ་གྲྭ་དགེ་བཀྲ་བླ་མའི་མདུན་དུ་སོང་ན་ཡང་། ཤ་ཞུན་མ་གནང་བར་མ་ཟད་ཇ་ཡང་མ་བླུགས།     གྲྭ་དགེ་བཀྲས་རང་ཁ་རང་གིས་བསྡམས་སོང་ཞེས་བཤད།    དེ་ཞུ་དགོས་པའི་དོན་ནི་བླ་མ་ཁོང་ནི་གཞན་དང་མ་འདྲ་བའི་ཐུགས་རྒྱུད་ལ་བྱང་ཆུབ་ཀྱི་སེམས་མངའ་ཞིང་ལྟ་སྒོམ་ལ་གོམས་སྟོབས་ཀྱི་གཤོག་རྩལ་མཐོ་བར་མ་ཟད་བསྐྱེད་རྫོགས་ལའང་མངའ་མཉེས་པས། ཁོང་གིས་ཆེ་སྲི་དང་ཆུང་སྲི་དར་སྲི་གཞོན་སྲི་བཅས་བཀུག་ནས་དཀྱིལ་འཁོར་གྱི་འོག་རོལ་ཏུ་བཅུག་པས་དེ་ཚོས་མྱ་ངན་གྱི་འོ་དོད་བོས་པའི་སྒྲ་ཡིན་པ་རེད་འདུགབླ་མས་གྲྭ་དགེ་བཀྲས་དེ་ཧ་གོ་སོང་བསམ་ནས་བཀའ་བཀྱོན་གནང་བ་རེད་ཅེས་གསུངས།    བླ་མ་ཁོང་ནི་སྦས་པའི་རྣལ་འབྱོར་བ་ཡིན་པས་དེ་དག་ལ་ཐུགས་དགྱེས་ཚུལ་གཏན་ནས་མི་མཛད།   སྔོན་དགའ་བདེ་ཡུལ་གྱི་མི་མང་བོ་ཞིག་སྟོད་ཉི་མ་ལྷ་སར་མཇལ་དུ་བྱིན།    དེ་དུས། ནག་ཆུ་ན་བཞུགས་པའི་རྫ་ཨ་གྲགས་བླ་མར་མཇལ་ཁ་ཞུ་སྐབས། ངེད་མགོ་ལོག་ཡུལ་ན་བླ་མ་བཀྲ་ཤིས་ཕུན་ཚོགས་ཟེར་བའི་དགེ་ཚུལ་སློང་བསམ་གྱིས་མི་ཁྱབ་པ་ཞིག་ཡོད། ཁོང་དགུང་ལོ་ག་ཚོད་བཞུགས་མིན་གྱི་ལུང་བསྟན་ཞུས།    དེའི་སྐབས་སུ། རྫ་ཨ་གྲགས་བླ་མས་ཐུགས་ཅུང་ཙམ་མཉམ་པར་བཞག་ནས།  འོ། བླ་མ་དེ་ལུས་པོ་ཆུང་ཆུང་ཅན་ཞིག་རྒྱུན་དུ་བཞད་ནས་བཞུགས་མཁན་ཞིག་རེད་ཅེས་གསུངས།    མཇལ་ཁ་ཞུ་མཁན་གྱིས་ཡིན་ལགས་ཞེས་ཞུས།    ཁོང་ནི་བླ་མ་ཡག་པོ་ཞིག་རེད། དུས་རྒྱུན་དུ་བཞད་དགོས་པའི་དོན་ནི་ས་དང་བོ་རབ་ཏུ་དགའ་བ་ཐོབ་པའི་སྐྱེ་སྤྲུལ་ཁྱད་པར་བ་ཞིག་རེད་ཅེས་གསུངས།   བླ་མ་བཀྲ་ཤིས་ཕུན་ཚོགས་གྲལ་ཁར་བྱོན་ནས་འདོན་པ་གསུང་སྐབས་ཀྱང་བར་བར་ནས་བཞད་གད་ཀྱིས་ཐུགས་དགྱེས་བཞིན་བཞུགས་པ་ཞིག་ཡིན་ཞེས་གསུངས།   ཁོང་ནི་ཀཿ ཐོག་གོང་མའི་སྤྲུལ་གར་དབང་ཉི་མའི་སྐུ་ཡུལ་གྱི་ཨ་མཆོད་དུ་བཞག བསམ་གྱིས་མི་ཁྱབ་པའི་སྐྱེས་མཆོག་སྤྲུལ་སྐུ་ཞིག་ཡིན་ཞེས་གསུངས།)ཀྱི་ཡང་སྤྲུལ་འཁྲུལ་མེད་དུ་ངོས་འཛིན་གནང་། སྐུ་འཁྲུངས་ནས་ཅང་མ་འགོར་བར་ཁོང་མ་བུ་གཉིས་ཡབ་ཀྱིས་བསྐྱུར་བ་དང་མ་ཡུམ་ཡང་གནས་ཡུལ་གཞན་དུ་བསྙེགས་དགོས་བྱུང་བས་ཨ་ཡས་ཨ་མྱེ་གཉིས་ཀྱིས་བུ་སྐལ་དུ་བླངས་ཏེ་གཉོར་སྐྱོང་བྱེད་དགོས་པ་བྱུང་།
གཉིས་པ།  སྐུ་ན་ཆུང་དུས་ཀྱི་མཛད་པ་དང་བླ་མར་མཇལ་ཚུལ། 
    ཁོང་དགུང་ལོ་ཆུང་ངུའི་དུས་ནས་བྱིས་པ་པྲ་ཚག་དང་རྒོད་པོ། བྱ་བ་ཅི་བྱས་དང་དུ་ལེན་ཐུབ་མཁན་དང་སྒྲུབ་ཐུབ་མཁན་ཞིག་ཡིན་ཞིང་། དགུང་ལོ་བརྒྱད་ལ་སོན་སྐབས་ཀྱི་ཉིན་ཞིག་ཏུ་ཕ་ཡུལ་གྱི་ལས་བྱེད་མི་སྣ་སྐོར་ཞིག་གིས་ཚོགས་འདུ་འཚོགས་ཏེ་སྡེ་མི་སུ་ཚང་གིས་བྱིས་པ་མ་བསྐུལ་དང་བླངས་ཀྱི་སྒོ་ནས་སློབ་གྲྭར་བསྐྱལ་ན། ལོ་གཉིས་ཀྱི་འབྲི་ཁྲལ་འཇལ་མི་དགོས་ལ་བལ་ཁུ་ལུའི་དཔྱ་ཁྲལ་ཡང་འཇལ་མི་དགོས། ད་དུང་དམངས་སྒོར་སུམ་སྟོང་གི་བྱ་དགའ་དང་རུ་ཆེན་ནང་ནས་ཀྱང་ལུག་གཉིས་གསུམ་གྱི་དགའ་རྟགས་ཡོད་ཟེར། སྐབས་དེར། ཁོང་གི་ཕ་ཡུལ་དུ་ལོ་རེ་རེ་བཞིན་བཞོ་འབྲི་མ་མང་བོ་སློབ་གྲྭ་ལ་དཔྱ་ཁྲལ་འཇལ་དགོས་པས་མགོན་མེད་འབྲི་དྲིན་ཅན་མ་མང་བོ་ཞིག་གི་ཚེ་སྲོག་དབང་མེད་དུ་ཤོར་དགོས་པའི་དུས་སྐབས་ཤིག་ཏུ་ཁེལ་ཡང་ཡོད་པས། ཇི་སྐད་དུ། ལུས་ནི་བྱིས་པ་ཡིན་པས་རྩེད་ལ་གཡེང་། །སེམས་ནི་སངས་རྒྱས་ཡིན་པས་འགྱུར་བ་མེད། །ཅེས་གསུངས་པ་བཞིན། དེ་ནི་བྱམས་སེམས་ཀྱི་སྙིང་རྗེའི་རང་གཟུགས་མངའ་བའི་སྐྱེས་བུ་ཁོང་ལྟ་བུར་མཚོན་ན། ལུས་ནི་བྱིས་པ་ལྟར་དུ་ཇི་ལྟར་ཆུང་ནའང་སེམས་ནི་མགོན་མེད་སྐྱབས་མེད་ཀྱི་མ་འབྲི་དྲིན་ཅན་མ་མང་བོ་ཞིག་དེ་ལྟར་བཤས་རར་འདེད་འགྲོ་བར་ཐུགས་སྐྱོ་བླ་མེད་མཛད་ནས་བྱ་དགའ་གཞན་དག་ནི་མེད་ཀྱང་ཆོག་མོད། འབྲི་མོ་འདི་དག་གི་སྲོག་བར་ལ་འབུད་ཐུབ་ན་དེ་ལས་ལྷག་ཅིག་མི་དགོས་པར་སྙམ་ནས་ང་སློབ་གྲྭར་འགྲོ་རྒྱུ་ཡིན་ཞེས་ཚོགས་འདུའི་དབུས་སུ་ལག་པ་ཡར་བཀྱགས་ནས་མ་བསྐུལ་དང་བླངས་ཀྱིས་ཁོང་སློབ་གྲྭར་འགྲོ་རྒྱུ་ཁས་ལེན་དམ་བཅའ་བྱས། 
སྐབས་དེར། ཁོང་གི་ཁྱིམ་མི་དག་གིས་ཁོང་སློབ་གྲྭར་འགྲོ་བའི་དོན་དག་དེ་ཁས་ལེན་མ་བྱས་པར་མ་ཟད་ཁོང་ལ་སྡིགས་དམོད་དང་མི་འཐད་པའི་རྣམ་འགྱུར་མང་དུ་བསྟན་ཡང་།  ཤེས་རབ་སྡོང་བུ་ལས།  དམ་པ་རྣམས་ནི་ཁས་འཆེས་མི་བྱེད་ལ།  །གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །ཞེས་པ་ལྟར་ཁྱིམ་མི་དང་གཉེན་ཉེ་དག་གིས་ཁོང་སློབ་གྲྭར་འགྲོ་བ་ལ་འགོག་རྐྱེན་དང་བར་ཆད་ཅི་ཡང་བཟོ་མ་ཐུབ་པར་སློབ་གྲྭར་འགྲོ་བའི་སྟ་གོན་ཚགས་སུ་ཆུད་པ་བྱས་ཏེ་སློབ་གྲྭར་ཞུགས།   དེ་ལྟར་སློབ་ཆུང་དུ་ལོ་ངོ་གསུམ་རིང་བསྡད་ཅིང་ལོ་ངོ་གསུམ་གྱི་རིང་དེར་སློབ་མ་ཉམ་ཆུང་དག་ལ་བརྩེ་ཆེན་པོས་གཟིགས་ཏེ་ཁོང་རང་གི་གློ་ཁུག་ནང་གི་སྒོར་རྡོག་གཉིས་གསུམ་རེ་ཡོད་པ་དེ་དག་གིས་ཀྱང་བྱིས་པ་ལྟོགས་སྐོམ་ཅན་དག་ལ་ཟས་ཕྲན་སོགས་མང་བོ་ཉོས། དགེ་སློབ་ཀུན་གྱིས་ཅི་འདྲའི་བྱིས་པ་སེམས་བཟང་ཞིག་དང་སྙིང་རྗེ་ཅན་ཞིག་རེད་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་བར་མེད་དུ་གཏོར། དེ་ནས་རྫོང་སློབ་འབྲིང་ལ་འགྲོ་བའི་སྐབས་སུ་ཁོང་གི་བྱང་ཁོག་ན་ཁྲག་སྐྲན་ཞིག་ཡོད་པ་དེར་རྐྱེན་བྱས་ནས་སློབ་བྱོལ་བྱས་ཏེ་ཡུལ་ལ་ལོག་དགོས་པ་བྱུང་། ཡུལ་ལ་ལོག་པའི་ལམ་བར་དུ་ཁོང་ཉིད་ཐོག་མར་ཁྲ་དགེ་སློང་ཚུལ་ཁྲིམས་དར་རྒྱས་ཀྱི་གདུང་ཁང་དང་མཇལ་ཞིང་གློ་བུར་དུ་རང་གི་མི་ཚེའི་གདམ་ཀ་ནི་སློབ་མ་མ་ཡིན་པར་གྲྭ་བ་ཡིན་པའི་ངེས་ཤེས་ཐུགས་ལ་འཁྲུངས། དེ་ལྟར་ཡུལ་ལ་ལོག་ནས་ཟོག་རྫི་བྱས་ཤིང་བཀྲ་ཤིས་ལྷ་རི་ཞེས་པའི་ཁོང་ཚང་གི་ཟོག་འཚོ་སའི་རི་ཁ་དེར་ཟོག་འཚོ་བར་འགྲོ་བའི་ཉིན་ཞིག་ལ་རི་ནས་གཉིད་ལ་ཤོར། རྨི་ལམ་དུ་ཨོ་རྒྱན་སྐུ་གསུམ་གླིང་བ་ཡིན་ཞེས་པའི་ཁྲོ་ཆས་མནབས་པའི་བླ་མ་ཞིག་གིས་(ཁྱོད་འགྲོ་རན་ཐལ་)ཞེས་ཕུར་ལྕག་གིས་གཞུས་པ་ཞིག་རྨིས་ཏེ་གཉིད་ལས་བསླངས།   དེ་ནས་ཁོང་གིས་དེ་ཅི་ཡིན་ནམ་སྙམ་ནས་ཐུགས་གཞིག་མང་བོ་བཏང་ཞིང་མཐར་རང་གི་ཚེ་རབས་ལས་ཀྱི་བླ་མ་ནི་ཨོ་རྒྱན་སྐུ་གསུམ་གླིང་བ་པདྨ་གཏུམ་དྲག་རོལ་བའི་རྡོ་རྗེ་ཡིན་པར་ཐུགས་ལ་དགོངས་ཏེ་ཁྱིམ་ནས་བྲོས་ཏེ་དགོན་པར་ཕྱིན་ཅིང་གྲྭ་བ་བྱས། ཨོ་རྒྱན་སྐུ་གསུམ་གླིང་བ་པདྨ་གཏུམ་དྲག་རོལ་བའི་རྡོ་རྗེའི་མདུན་དུ་དབུ་སྐྲ་བྲེགས་ཤིང་ལུས་ཀྱི་གོས་བརྗེས། བླ་མ་ཨོ་རྒྱན་སྐུ་གསུམ་གླིང་བས་ཀྱང་ཁྱོད་ཀྱི་ཚེ་རབས་ལས་ཀྱི་བླ་མ་ང་ཡིན་ཞེས་འགག་མཛད། ཡོན་ཏན་ཀུན་གྱི་གཞིར་གྱུར་སློབ་དཔོན་རིན་པོ་ཆེ་མཆོག་གི་མདུན་ནས་ཡི་གེའི་ཀློག་བསླབས། དགུང་ལོ་བཅུ་གསུམ་གྱི་སྟེང་དུ་དཔལ་ཡུལ་ལྷ་སྤྲུལ་གར་དབང་ཉི་མ་མཆོག་གི་མདུན་དུ་དགེ་ཚུལ་གྱི་སྡོམ་པ་མནོས། དགེ་ཚུལ་གྱི་མཚན་ལ་ཐུབ་བསྟན་གསལ་བྱེད་གཞོན་ནུ་ཞེས་གསོལ། དེ་ནས་ལུང་སྔོན་དགོན་དཔལ་ལྷུན་གྲུབ་ཐུབ་བསྟན་ཆོས་འཁོར་གླིང་དུ་སྔོན་འགྲོ་དང་རྩ་རླུང་སོགས་ལ་ལོ་མང་བཞུགས་ཤིང་། དགུན་གསུམ་གྲང་ངར་གྱི་རྒྱུ་བ་རབ་ཏུ་རྒོད་པའི་དགུན་དུས་སུ་ཡང་ཁོང་གི་རྩ་རླུང་འབེབས་གདན་ཞབས་སུ་ལྗང་མྱུག་དང་མེ་ཏོག་སོགས་མངོན་སུམ་དུ་བཞད་པའི་རྟགས་མཚན་སོགས་ཆོས་གྲོགས་ཚོས་དངོས་སུ་མཐོང་བར་གྱུར། 
གསུམ་པ། སྒྲུབ་པ་ཉམས་སུ་བླངས་ཏེ་དབང་ལུང་གསན་བཞེས་གནང་ཚུལ།

དགུང་ལོ་བཅུ་བདུན་གྱི་སྟེང་དུ་ལུང་སྔོན་དགོན་རྨད་བྱུང་ཐོས་བསམ་གླིང་དུ་ཞུགས་ནས་ཅང་མ་འགོར་བར་བླ་མ་རིན་པོ་ཆེས་ཁྱོད་འུ་གཉིས་དཔེ་ཆར་བལྟས་ནས་ཅང་ཤེས་ནི་མ་རེད། དེར་བལྟས་ན་ཁྱོད་རང་སྒྲུབ་གྲྭར་སྡོད་དང་དེས་ཡག”གསུངས་ཤིང་བླ་མ་རིན་པོ་ཆེས་ཁོང་ཉིད་མི་ལོ་བཅུ་གསུམ་ལ་སྒྲུབ་གྲྭར་འདུག་དགོས་པའི་བཀས་བསྐུལ་ཏེ་ལུང་སྔོན་དགོན་སྒྲུབ་གྲྭ་སྐུ་གསུམ་གླིང་དུ་མི་ལོ་དགུའི་ཡུན་ལ་སྒྲུབ་པ་ལྷུར་ལེན་བྱས་ཏེ་སྒོམ་སྒྲུབ་ལ་གཞོལ། སྐབས་དེའི་ཉིན་ཞིག་ཏུ་ཡང་བླ་མ་རིན་པོ་ཆེས་ད་ལོ་ནས་ཁྱོད་སྒྲུབ་གྲྭར་འདུག་མི་དགོས། ད་ལོ་འུ་གཉིས་ཡར་མར་ལ་ཅིག་འཁོར་གསུངས་ཏེ་ཉིན་ཞིག་གློ་བུར་དུ་བླ་མ་རིན་པོ་ཆེས་ཁོང་ཉིད་པེ་ཅིང་སོགས་ལ་ལྟ་སྐོར་དང་ཁམས་གསེང་ལ་ཁྲིད། དེའི་སྤྱི་ལོར་བླ་མ་རིན་པོ་ཆེ་དགོངས་པ་ཞི་དབྱིངས་སུ་བསྡུས་པའི་ཚུལ་མཛད། བླ་མ་རིན་པོ་ཆེའི་དགུང་རྫོགས་ལ་ཁོང་གིས་ཉིན་མཚན་ཆག་མེད་དུ་མཆོད་མེ་དང་མཆོད་ཆུ་བཤམས་ཤིང་བླ་མའི་དགོངས་རྫོགས་ཚར་མ་ཐག་ཏུ་དགོན་པ་ནས་རྐྱང་ཕྱག་འཚལ་ཏེ་མདོ་ལིའི་རྡོ་མཁར་རིང་མོའི་དུར་ཁྲོད་དུ་ཕེབས་ནས་ཉིན་ཉེར་བརྒྱད་ལ་མཚམས་ནག་སྒོ་བཅད་བྱས་ནས་བཞུགས། དེ་ནས་བྲག་དཀར་སྤྲེལ་རྫོང་རྡོ་རྗེའི་ཕུག་ལམ་མཚམས་ཁང་དུ་ཕེབས་ནས་ཟླ་གཅིག་དང་ཉིན་བཅོ་ལྔར་མཚམས་ལ་བཞུགས།   སྐབས་དེའི་ཉིན་ཞིག་གི་ཐུན་མཚམས་སུ་ཁོང་གི་ཉམས་སྣང་ངམ་རྨི་ལམ་ལྟ་བུ་ཞིག་གི་ངོགས་སུ་བླ་མ་རིན་པོ་ཆེས་དངོས་སུ་ཞལ་གཟིགས་གནང་ཞིང་། བླ་མ་རིན་པོ་ཆེ་རྡོ་ཕ་བོང་དཀར་བོ་ཞིག་གི་སྟེང་དུ་བྱིས་པ་ལོ་བརྒྱད་ཀྱི་ཚུལ་དུ་བཞུགས་ཏེ། ཕྱག་གཡས་པས་ནམ་མཁར་སྡིགས་མཛུབ་བྱས་ཤིང་གཡོན་དུ་མི་མགོ་རློན་པའི་ཐོད་ཕོར་ཁྲག་ཞག་འཁྱིལ་བ་ཞིག་གི་ནང་དུ་འབྲི་ཞོ་རུལ་བ་ལྟེམ་མེར་ཆགས་ཡོད་པ་ཞིག་གནང་ནས། ཚེ་འདིའི་རྐྱེན་དང་ཕྱི་མའི་བར་ཆད་སེལ༔བླ་མའི་གདམས་ངག་དལ་འབྱོར་སྙིང་ལ་ལོངས༔མཐར་ཐུག་དག་པ་མཁའ་སྤྱོད་ཞིང་ཁམས་སུ༔བླ་མ་ཁྱེད་དང་འབྲལ་མེད་བྱིན་གྱིས་རློབས༔ ཁྱོད་ཀྱིས་ཚིག་འདི་མ་བརྗེད་ཡིད་ལ་དམ་པོར་ཟུངས་ཤིག་ཅེས་གསུངས་ནས་མི་སྣང་བར་གྱུར་ཏོ། །

དེ་ལྟར་མདོ་སྨད་ཀྱི་གནས་རི་མང་བོར་འཁྱམ་ཉུལ་དང་སྒོམ་སྒྲུབ་ལ་གཞོལ་ཏེ་ཕྱོགས་བཞི་མཚམས་བརྒྱད་ལ་ཕེབས་ཤིང་བར་སྐབས་ཤིག་ཏུ་ཁང་སར་བླ་མ་དབོན་སྤྲུལ་བསྟན་པའི་དབང་ཕྱུག་མཆོག་དང་མཇལ། སྔོན་ཆད་བླ་མ་རིན་པོ་ཆེས་“ཁྱོད་མ་འོངས་པའི་དུས་ན་མདོ་སྨད་ཀྱི་བླ་མ་ཞིག་དང་འཕྲད། བླ་མ་དེའི་མདུན་དུ་སྒྲུབ་གྲྭར་སྡོད་ལ་ལོ་བཅུ་གསུམ་ལ་སྒྲུབ་གྲྭར་འདུག་དགོས་པའི་ཁ་གསབ་དེ་ནས་སྐོངས་”ཞེས་གསུངས་མྱོང་བས་དེ་གའི་སྒྲུབ་གྲྭ་སྟེ་སྟག་ལུང་དགོན་ཀ་དག་སྤྲོས་བྲལ་གླིང་དུ་ལོ་གསུམ་ལ་སྒྲུབ་གྲྭར་བཞུགས་ཤིང་མཆོག་སྤྲུལ་ཚུལ་ཁྲིམས་བཟང་བོའི་མདུན་ནས་དགེ་སློང་གི་སྡོམ་པ་མནོས། དགེ་སློང་གི་མཚན་ལ་ཚུལ་ཁྲིམས་བཟང་ཞེས་གསོལ།   ཁང་སར་བླ་མ་དབོན་སྤྲུལ་བསྟན་པའི་དབང་ཕྱུག་གི་མདུན་དུ་ཁྲིད་ཡིག་ཡེ་ཤེས་བླ་མ་ནས་རྫོགས་པ་ཆེན་པོའི་ཆོས་སྐོར་ཆ་ཚང་དང་གཅོད་དབང་ཆ་ཚང་བཅས་གསན། དེ་ནས་དབོན་སྤྲུལ་བསྟན་པའི་དབང་ཕྱུག་གི་ཚ་བུ་ཨོ་རྒྱན་དང་ཁྱི་འབྲིའི་ཐུབ་བསྟན་སྦྱིན་པ་གཉིས་ཁྲིད་ནས་ཆུ་མིག་སྟོང་རྩ་འགྲིམ་པའི་འགོ་བརྩམས་ཏེ་གཤིན་ས་བཙན་པོ་དང་ནང་དམེ་འབྱུང་ཡུལ། རླངས་འཁོར་དོན་རྐྱེན་མང་བོ་བྱུང་ས་དང་དཔྱངས་ལ་འདོགས་ནས་རང་སྲོག་བཅད་ས་སོགས་དུར་ཁྲོད་དང་གཉན་ཁྲོད་ཀྱི་གནས་མང་བོར་འགྲིམས་ནས་ཉིན་ཞག་བདུན་བརྒྱ་ཉི་ཤུ་འགོར་བའི་ཉིན་ཞིག་གི་མཚན་མོའི་མནལ་ལམ་ཞིག་ཏུ་ཁོང་ལ་ཁམས་གསུམ་སྲོག་གི་བདག་པོ་གནོད་སྦྱིན་ཙིའུ་དམར་བོས་ཞལ་གཟིགས་གནང་། དེ་ནི་ཁོང་གི་རྩ་བའི་བླ་མ་ཁང་སར་བསྟན་པའི་དབང་ཕྱུག་ཚང་གི་འདུན་པ་ཞིང་ཁམས་སུ་གཏད་པའི་སྔ་ལྟས་ཏེ་དེའི་ཕྱི་ཉིན་གྱི་སྔ་དྲོ་ཞིག་ལ་ཁང་སར་བླ་མ་བསྟན་པའི་དབང་ཕྱུག་ཚང་དགོངས་པ་ཞི་དབྱིངས་སུ་བསྡུས་པའི་གཏམ་ངན་ཐོས། ཁོང་གིས་ཆུ་མིག་འགྲིམ་པ་གནས་སྐབས་མཚམས་བཞག་ནས་ཕྱིར་བླ་མའི་གདན་སར་ཕེབས་དགོས་བྱུང་ཡང་རྗེས་སུ་བླ་མའི་བཀའ་གསུང་བཞིན་ཆུ་མིག་སྟོང་དང་བརྒྱ་རྩ་བཅུ་གསུམ་ཡོངས་སུ་ལེགས་པར་འགྲིམས། དེ་ཡང་ཇི་སྐད་དུ། ཆོས་མཉན་པ་ལས་ཀྱང་ཉན་པའི་ཚུལ་གཙོ། །ཆོས་བསྒྲུབས་པ་ལས་ཀྱང་སྒྲུབ་པའི་ཚུལ་གཙོ། །ཞེས་གསུངས་པ་བཞིན། ཁོང་དང་ཁོང་ལྟ་བུ་དག་གིས་སྒྲུབ་པ་ཉམས་སུ་ལེན་ཚུལ་ནི་དངོས་ནས་ཧ་ལས་དགོས་པ་ཞིག་རེད། དགུང་ལོ་སོ་གཉིས་ཀྱི་སྟེང་དུ། ཁོང་གིས་རྩ་བའི་བླ་མ་ཁང་སར་བསྟན་པའི་དབང་ཕྱུག་གི་གདུང་མདུན་ནས་ཁས་འཆེས་པ་བཞིན། དབུས་ལྷ་ལྡན་དག་པའི་ཞིང་དུ་ཞབས་ཐང་ལ་བྱོན་ནས་ཟླ་གཅིག་གི་རྗེས་སུ་སྟོད་ཉི་མ་ལྷ་སར་འབྱོར། ཕྱིར་ཕེབས་རྗེས་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོའི་མདུན་ལ་རྐྱང་ཕྱག་འཚལ་ནས་ཕེབས་ཤིང་དེ་ནས་ད་ལྟའི་བར་དུ་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོའི་མདུན་དུ་ཞབས་ཐང་དུ་ཐེངས་བདུན་ལ་ཕེབས་ཤིང་། ཁོང་གིས་སྐུ་ཚེ་གང་བོར་ཆུ་མིག་སྟོང་རྩ་ཞིག་གི་ཁ་བསྐངས་པ་དང་ལྷ་སར་ཞབས་ཐང་དུ་ཕེབས་པ། ཐུགས་ཆེན་ལ་རྐྱང་ཕྱག་འཚལ་བ་དང་ཞབས་ཐང་དུ་ཐེངས་བདུན་ལ་བྱོན་པ། སྔ་ཕྱིར་སྒྲུབ་གྲྭར་ལོ་བཅུ་གསུམ་དང་འབུམ་ལྔ་བཅུ་གསུམ། ཕྱག་འབུམ་སུམ་ཅུ་སོ་དྲུགམི་ལོ་བཅུ་བདུན་གྱི་ཕུར་བསྙེན་དུང་ཡོན། མེ་ཏོག་ཐང་དུ་སཱཙྪ་འབུམ་གཏེར་ལྷག་དང་ཝོར་སྐྱ་(འོ་སྐྱལ།)རུ་སྐུ་ཚྭ་དུང་ཕྱིར་གསུམ་ལྷག་བཞེངས་པ་སོགས་ཆོས་སྤྱོད་ཀྱི་མཛད་པ་མཐའ་ཡས་སོ། །ད་ལྟའི་བར་དུ་བླ་མ་རིན་པོ་ཆེ་གྲུབ་དབང་ཨོ་རྒྱན་སྐུ་གསུམ་གླིང་བ་དང་དབོན་སྤྲུལ་བསྟན་པའི་དབང་ཕྱུག་རྣམ་གཉིས་གཙོས་དང་རྡོ་གྲུབ་སྤྲུལ་སྐུ་ཐུབ་པ། དགེ་མང་མཁན་པོ་པདྨ་དབང་རྒྱལ། ཀཿཐོག་རྨོག་རྩ་རིན་པོ་ཆེ། ལྷ་སྤྲུལ་གར་དབང་ཉི་མ། མདོ་མཁྱེན་བརྩེ་རིག་འཛིན་ཧཱུྃ་ཀར་རྡོ་རྗེ། ཨ་ལགས་གཙོ་རི་བློ་བཟང་འཇིགས་མེད་བསྟན་པའི་རྒྱལ་མཚན། ཇོ་ནང་སྐྱབས་མགོན་འཇིགས་མེད་རྡོ་རྗེ། ངག་དབང་པདྨ་རྣམ་རྒྱལ། སྤྲུལ་སྐུ་སྒོ་སྡེས། མི་ཉག་མཁན་པོ་འབྲུག་དགའ། གཏེར་ཆེན་བླ་མ་བཀྲ་ཤིས་ཕུན་ཚོགས། མཁན་པོ་རྡོར་འཛིན། ཨ་ནེ་ཐུབ་བསྟན་ལྷ་མོ་སོགས་ཀྱི་མདུན་ནས། སྨིན་གླིང་རྡོར་སེམས་ཀྱི་དབང་། ཀློང་གསལ་སྙིང་བོས་གསུང་བའི་སྐུ་གསུམ་ཆོ་གའི་དབང་། རྟ་ཕྱག་ཁྱུང་གསུམ་གྱི་དབང་། རིག་འཛིན་འཇའ་ཚོན་སྙིང་བོའི་དཀོན་མཆོག་སྤྱི་འདུས་ཀྱི་དབང་། གསང་འདུས་ཀྱི་དབང་། རྟ་མགྲིན་གྱི་དབང་། སྒྲོལ་མ་ཉེར་གཅིག་གི་དབང་། དུས་བབ་ཀྱི་ཟབ་ཆོས་ཨོ་རྒྱན་ཛཾ་བྷ་ལའི་དབང་། ཐུགས་རྗེ་ཆེན་པོ་དོན་ཡོད་ཞགས་པའི་དབང་། ཀརྨ་གླིང་བའི་ཞི་ཁྲོ་འཕྲད་ཚད་རང་གྲོལ་གྱི་དབང་། རྒྱལ་ཐབས་སྤྱི་བླུག་གི་དབང་། གཤིན་རྗེའི་དབང་། ཕུར་བའི་དབང་། ཚེ་སྒྲུབ་ཀྱི་དབང་། ཐོས་གྲོལ་གྱི་དབང་། གཅོད་དབང་། དུས་འཁོར་དབང་མོ་ཆེ། སྙིང་ཐིག་རྩ་གསུམ་གྱི་དབང་། བདེ་ཆེན་ཞིང་དབང་། གདུགས་དཀར་བྱད་གྲོལ་ཀྱི་དབང་། བདེ་ཆེན་ཞིང་དབང་། ཐུགས་རྗེ་ཆེན་པོའི་དབང་། ཨོ་རྒྱན་སྐུ་གསུམ་གླིང་བའི་གཏེར་ཆོས་ཀྱི་དབང་ལུང་ཆ་ཚང་། ཁང་སར་བླ་མ་བསྟན་པའི་དབང་ཕྱུག་གི་གསུང་ཆོས་ཀྱི་དབང་ལུང་ཆ་ཚང་། འཁོར་འདས་རི་ཤན་གྱི་དབང་ལུང་ཆ་ཚང་། སྙིང་ཐིག་སྙན་བརྒྱུད་ཀྱི་དབང་ལུང་ཆ་ཚང་། རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་ཆ་ཚང་། འཕྲད་ཚད་རང་གྲོལ་གྱི་དབང་ལུང་ཆ་ཚང་། སྙིང་ཐིག་འཕོ་བའི་དབང་ལུང་ཆ་ཚང་། ཚེ་དབང་ཚེ་འགུགས་ཀྱི་དབང་ལུང་ཆ་ཚང་། རི་ཆོས་གསུམ་གྱི་དབང་ལུང་ཆ་ཚང་། གདུགས་དཀར་ཨ་ཆོས་མའི་དབང་ལུང་ཆ་ཚང་། ཁྲིད་ཡིག་ཡེ་ཤེས་བླ་མ་ཆ་ཚང་། ཁྲག་གཅོད་ཐོད་བརྒལ་གྱི་དབང་ལུང་ཁྲིད་གསུམ། ཡེ་ཤེས་བླ་མའི་དབང་ལུང་ཁྲིད་གསུམ། ལྟ་བ་མཁའ་ལྡིང་གཤོག་ལྷབ་ཀྱི་དབང་ལུང་ཁྲིད་གསུམ། གཅོད་ཀྱི་དབང་ལུང་ཁྲིད་གསུམ། སྙིང་ཏིག་དུམ་གཉིས། སྙིང་ཐིག་ཡ་བཞི། བདུད་འཇོམས་གཏེར་གསར་གྱི་གཅོད་ལུང་སོགས་མཐའ་ཡས་པ་གསན་ཏོ། །      

བཞི་བ། གཞན་དོན་ཁུར་དུ་བཞེས་ནས་བསྟན་འགྲོའི་དོན་ཆེན་མཛད་ཚུལ།

     སྔོན་ཆད་བླ་མ་རིན་པོ་ཆེས་ལུང་བསྟན་གྱི་ཚུལ་དུ་“མ་འོངས་པའི་ཚེ་ན་ཁྱོད་ཀྱི་འགྲོ་དོན་བྱང་ཕྱོགས་སུ་ཡོད་”ཅེས་གསུངས་མྱོང་བ་དང་། ཕྱིས་སུ་སྤྲུལ་སྐུ་རིན་པོ་ཆེ་རིག་འཛིན་ཧཱུྃ་ཀར་རྡོ་རྗེས་ཀྱང་“རྨི་ལམ་དང་རྟེན་འབྲེལ་གང་ལ་བརྟགས་ཀྱང་ཁྱེད་ཀྱི་མཛད་པ་དང་འཕྲིན་ལས་བྱང་ཕྱོགས་སུ་རྒྱས་རྒྱུ་རེད་”ཅེས་གསུངས་ཤིང་བཀས་བསྐུལ་ཏེ་མཐོང་སྨོན་རྩེད་ར་ཁྲ་མོའམ་ལུང་སྔོན་དགོན་ཤར་ཕྱོགས་མངོན་དགའ་གླིང་དུ་བདག་དོམ་གྱི་ལས་འགན་བཞེས་ནས་ད་ལྟའི་བར་དུ་དེ་གར་བཞུགས་ཤིང་ཞོར་དུ་དུས་བབ་ཀྱི་ཟབ་ཆོས་བླ་ན་མེད་པ་ཨོ་རྒྱན་ཛཾ་བྷ་ལྷའི་གཡང་སྒྲུབ་འདི་ཉིད་སྔོན་ཆད་བླ་མ་ཞལ་བཞུགས་དུས་སུ་ཨ་སྐྱོང་གོང་མ་ཚང་ལ་འདོན་དགོས་ཞེས་བླ་མས་གཡང་སྒྲུབ་ཀྱི་ཡི་གེ་ཞིག་དང་དབང་ལུང་ཆ་ཚང་གནང་བས་ད་ལྟའི་བར་དུ་ཁོང་གིས་ལོ་རེར་ཨ་སྐྱོང་གོང་མ་ཚང་གཙོས་དུད་ཁྱིམ་སྟོང་ཕྲག་གསུམ་ལྷག་ལ་འཛམ་གླིང་དབུལ་སེལ་ཨོ་རྒྱན་ཛཾ་བྷ་ལྷའི་གཡང་སྒྲུབ་བཏོན་དང་འདོན་བཞིན་པ་དང་སྤྱི་ལོ་(༢༠༡༥)ལོར་བླ་མ་རིན་པོ་ཆེའི་སྐུ་པར་དུང་ཕྱིར་གཅིག་འགྲེམ་སྤེལ་དང་ལུང་སྔོན་དགོན་གྱི་གྲྭ་བ་སྟོང་ཕྲག་ལྷག་ལ་སྒོར་མོ་ཕྱག་འགྱེད་བྱས། སྤྱི་ལོ་(༢༠༢༠)ལོར་ཕྱག་རྡོར་འབྱུང་འདུལ་གྱི་ལག་འཁོར་སྟོང་ཕྲག་གཉིས་ལུང་སྔོན་དགོན་པའི་གྲྭ་ཚང་དང་དགེ་བསྙེན་ཚང་སོགས་ལ་ཕྱག་འགྱེད་བྱས་པ་དང་། ཕྱག་རྡོར། འཇམ་པའི་དབྱངས། སྒྲོལ་མ། ཕུར་བ། ཛཾ་བྷ་ལ་སོགས་ཀྱི་སྐུ་དཔར་སྟོང་ཕྲག་ལྔ་ལྷག་སེར་སྐྱ་མང་ཚོགས་ལ་རིན་མེད་དུ་སྟེར་བ་སོགས་ད་ལྟའི་བར་དུ་དམངས་སྒོར་ཁྲི་ཉེར་གཉིས་ལྷག་དགེ་བསྐུལ་དུ་བཏང་ཞིང་སྤྱི་ལོ་(༢༠༢༢)ལོར་ལུང་སྔོན་དགོན་པའི་གྲྭ་ཚང་སྟོང་ཕྲག་ལྷག་གི་གྲྭ་ཁྲི་དང་གྲྭ་གདན་གསར་བརྗེ་ལ་དམངས་སྒོར་ཁྲི་བཞི་བཅུ་ལྷག་གིས་འགྲོ་སོང་བཏང་།

གཞན་ཡང་རྐང་ལག་ཞ་བ་དང་། མཛེ་ནད། དམུ་ཆུ་དང་གྲུམ་ནད་སོགས་ཀྱིས་མནར་བའི་ཉམ་ཐག་ནད་པ་ཁྲི་ཕྲག་མང་བོར་སྔགས་བཏབ་པ་དང་ཟངས་འཚིག་སོགས་ཀྱིས་ཕན་པ་རྒྱ་ཆེན་པོ་ཐོགས་པའི་ཚུལ་ནི། དཔེར་ན། ཡུལ་ཤུལ་ཆུ་དམར་ལེབ་ཀྱི་ནད་པ་ཀརྨ་བསམ་འགྲུབ་རྐང་བ་ཞ་ནས་དུས་ཡུན་རིང་བོ་འགོར། སྔ་རྗེས་སུ་ཟི་ལིང་། ཡུལ་ཤུལ། རྔ་བ། དགའ་བདེ། འབར་ཁམས་སོགས་སུ་སོང་ནས་བསྟན་ཡང་དྲག་སྐྱེད་ཆེན་པོ་མ་བྱུང་། རྗེས་སུ། ཁོང་གི་མདུན་དུ་ཡོང་ནས་ཟླ་གཅིག་རིང་དུ་ཡིག་ཐམ་དང་ཟངས་འཚིག་བཞག་ནས་ཕན་པ་ཆེན་པོ་བྱུང་བར་མ་ཟད། ད་ལྟ་ལག་རྟེན་མི་དགོས་པར་འགྲོ་འདུག་ཐུབ་ལ། དེ་མཚུངས་སུ། རང་དང་ཕ་ཡུལ་གཅིག་པའི་སྐུ་འབུམ་འཚོ་མཐོ་འབྲིང་གི་སྐབས་སུ་གློ་བུར་རྐང་བར་ནད་ཅིག་ཕོག་ནས་ཉལ་སར་ལྷུང་སྟེ་མགོ་ལོག་གི་གཞུང་སྒེར་སྨན་ཁང་མང་བོར་བསྟན་ཡང་དྲག་སྐྱེད་མ་བྱུང་། དེ་ནས་ཡང་ཁོང་གི་མདུན་དུ་སོང་ནས་ཡིག་ཐམ་དང་ཟངས་འཚིག་བཞག་ནས་སངས་དྲག་ཏུ་གྱུར་པ་སོགས་ཀྱིས་མཚོན་པའི་ཉམ་ཐག་ནད་པ་མང་བོ་མི་འདོད་ནད་ལས་ཐར་བར་མཛད་པ་མིག་མཐོང་ལག་ཟིན་ཏུ་གྱུར་པ་སོགས་རབ་ཏུ་མང་ངོ་། །

ལྔ་བ།   མཇུག་བསྡུ་བའི་ཚུལ། 

དེ་ཡང་ཇི་སྐད་དུ། སློབ་དཔོན་པདྨ་འབྱུང་གནས་ཀྱི་ཞལ་ནས། སློབ་མས་བླ་མར་མ་བརྟགས་དུག་འཐུང་འདྲ། །བླ་མས་སློབ་མར་མ་བརྟགས་གཡེང་མཆོངས་འདྲ། །ཞེས་གསུངས་པ་བཞིན་དུ། ངས་ཀྱང་བླ་མ་ཁོང་གི་སྐུ་ཚེའི་སྟོད་ཀྱི་རྣམ་ཐར་དང་མཛད་པ་འཕྲིན་ལས་ལ་དུས་ཡུན་རིང་བོར་གང་ལ་གང་འཚམ་གྱིས་རྒྱུས་ལོན་བྱས་མཐར། ཁོང་གིས་ང་ལ་ངུར་སྨྲིག་འཛིན་པའི་སྐྱེས་ཆེན་ཞིག་གི་ཞབས་རྗེས་གསལ་བོར་བསྟན་ལ། ཚུལ་ཁྲིམས་ཀྱི་དྲི་བསུང་འཐུལ་བའི་རྣལ་འབྱོར་བ་ཁོང་ལ་ཞེ་གཏིང་ནས་དད་པ་ངང་གིས་སྐྱེས།  ཁོང་ནི་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་མ་སོང་བར་དུལ་བར་གནས་ཤིང་རྣལ་འབྱོར་གྱི་བརྟུལ་ཞུགས་འཆང་བའི་ཉམས་ལེན་པ་ཤ་སྟག་ཅིག་ཡིན་པའི་བག་ཆགས་ཟབ་མོ་བཞག ལྷག་དོན་ཁོང་གི་རྩ་བའི་བླ་མས་གསུངས་པ་ནི་ཚེ་འདི་དང་ཕྱི་མའི་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པར་ངོས་འཛིན་གནང་ཞིང་། རང་གི་འབྲེལ་ཐོགས་སྐྱེ་འགྲོ་ཡོངས་ལ་ཕན་སྐྱེད་ནས་འབྲུ་ཙམ་ཞིག་ཐོགས་པ་ནི་རྩ་བའི་བླ་མ་དང་རྡོ་རྗེ་སློབ་དཔོན་རྣམ་པའི་སྐུ་དྲིན་ཡིན་ཞེས་ཡང་ནས་བསྐྱར་དུ་གསུངས། ངས་ཁོང་ལ་དངོས་སུ་བཀའ་འདྲི་ཞུས་པའི་སྐབས་སུ་ཡང་ཁོང་གིས་རྩ་བའི་བླ་མ་དགོངས་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་གསུངས་དུས། བླ་མ་ཁོང་མིག་ཟུང་མཆི་མས་བསིལ་བས་ང་རང་ཅི་བྱ་གཏོལ་བྲལ་དུ་བཏང་། གང་ལྟར། ཁོང་གི་མི་ཚེའི་བརྒྱུད་རིམ་ལ་ཨ་ནས་ཡང་དུ་ཉན་དུས་ཁོང་གི་མཛད་སྤྱོད་ནི་གཞན་ཕན་དང་འབྲེལ་ཞིང་ལྷག་བསམ་དང་དབྱེར་མ་མཆིས་སོ། །དེའི་ཕྱིར། ཁོང་དང་ཁོང་ལྟ་བུའི་རྣལ་འབྱོར་གྱི་བརྟུལ་ཞུགས་འཆང་བ་མང་བོ་ཞིག་གི་མི་ཚེའི་རྣམ་ཐར་གོ་མེད་ཚོར་མེད་དུ་འགྲོ་བར་ཕངས་སེམས་སྐྱེས་པས་རང་ནུས་ཅི་ལྕོགས་ཀྱིས་རྣམ་ཐར་འདི་འདྲ་ཞིག་བྲིས་པར་ནོངས་པའི་ཆ་ཅི་མཆིས་མཐོལ་ཞིང་འཆག་ལ་དགེ་བའི་འབྲས་བུ་ཅུང་ཟད་རེ་ཡོད་ཚེ་བླ་མ་ཁོང་གི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་རྒྱུ་རུ་བསྔོའོ། །


འདི་ནི་དམ་པ་ཁོང་གི་ཐུགས་བརྩེ་ཟབ་པའི་དད་ལྡན་པ་བསོད་ནམས་ལྷུན་གྲུབ་ཏུ་འབོད་པས་བོད་རབ་རྒྱན་ཆུ་ཕོ་སྟག་གི་ལོའི་ས་ག་ཟླ་བའི་ལྷག་སྐར་དུས་བཟང་ལ་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྟོད་རིག་པའི་གྲོང་ཁྱེར་ནས་བྲིས་སོ།།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-07-15 ལྟ་ཀློག (12046)