སློབ་གླིང་གསར་འགྱུར། ​སྐབས་ཉེར་ལྔ་བའི་མཐར་ཕྱིན་མཛད་སྒོ།

 

སྐབས་ཉེར་ལྔ་བའི་མཐར་ཕྱིན་མཛད་སྒོ།   

2022ལོའི་སྤྱི་ཟླ་7ཚེས་8ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གི་ད་ལོའི་མཐར་ཕྱིན་མཛད་སྒོ་གཟབ་རྒྱས་ངང་འཚོགས་ཤིང་། དགེ་རྒན་གཙུག་ཕུད་རྒྱ་མཚོ་དང་པདྨ་དོན་གྲུབ་གཉིས་ཀྱིས་འཛིན་བདག་གནང་བའི་ཆེད་སྦྱོང་མི་འདྲ་བ་སོ་སོ་ནས་ཁྱོན་སྡོམ་མཐར་ཕྱིན་སློབ་མ་132སློབ་མཐར་ཕྱིན་པ་དང་།   དགེ་རྒན་འཇིགས་མེད་རྒྱལ་མཚན་དང་དགེ་བའི་བཤེས་གཉེན་ཆེན་མོ་བཛྲ་ཚུལ་ཁྲིམས། སློབ་དཔོན་ལྡོང་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་རྣམ་པ་གསུམ་སྐུ་དངོས་སུ་མཐར་ཕྱིན་མཛད་སྒོའི་སྟེང་དུ་ཕེབས་པར་མ་ཟད། མཐར་ཕྱིན་སློབ་མ་རྣམས་ལ་མཐར་ཕྱིན་དཔང་ཡིག་སྤྲད་ནས་བཀའ་སློབ་ཡིད་འཁུལ་བ་མང་དུ་གནང་ཞིང་། དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་གིས་གསུང་རྒྱུར།  ད་ནི་ཁྱེད་ཚོ་སྤྱི་ཚོགས་སྟེང་འགྲོ་དགོས་པས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་རྒྱུགས་འཕྲོད་དེ་མཐར་ཕྱིན་ལག་རྟགས་བླངས་ཡོད་ཀྱང་།  སྤྱི་ཚོགས་ཀྱི་སྟེང་ནས་རྒྱུགས་འཕྲོད་དགོས་པ་རེད།    དེ་ནི་སོ་སོའི་མི་གཤིས་དང་བསམ་བློ།  ཕུགས་བསམ། དམ་བཅའ་སོགས་ལ་འབྲེལ་བ་ཡོད་པ་རེད།  དེ་སེམས་ལ་འཛིན་རོགས་ཞུ། ཞེས་དང་།   དགེ་རྒན་བཛྲ་ཚུལ་ཁྲིམས་མཆོག་གིས།  མི་ཞིག་ཡིན་ན་མི་གཤིས་དགོས་པ་དང་།  དེ་ཡང་གང་དུ་སོང་ཡང་ཁྲེལ་ངོ་ཚ་དང་ལས་རྒྱུ་འབྲས་བསྲུང་བའི་མི་ཞིག་བཅའ་དགོས་ཚུལ་སོགས་ལས་འཕྲོས་ཏེ་བཀའ་སློབ་ཟབ་མོ་མང་དུ་གནང་།  སློབ་མ་རྣམས་ཀྱིས་སློབ་གླིང་གི་དགེ་རྒན་དང་ལས་བཟོ་བ་རྣམས་ལ་བཀའ་དྲིན་མཚོན་པའི་ལེགས་སྐྱེས་ཕུལ་ནས་རིག་རྩལ་སྣ་ཚོགས་འཁྲབ་སྟོན་བྱས་པ་དང་། སྐབས་བཅུ་བདུན་པའི་མཐར་ཕྱིན་སློབ་མ་རྣམས་ཀྱང་མ་ཡུམ་སློབ་གླིང་དུ་འཛོམས་ནས་ཐེངས་འདིའི་མཛད་སྒོར་ཞུགས། འཛིན་གྲྭའི་འཐུས་ཚབ་པ་རེ་རེ་ནས་མཐར་ཕྱིན་གྱེས་ཚིག་སྒྲོག་འདོན་གནང་སྟེ་དགེ་སློབ་ཀུན་འབྲལ་མི་ཐུབ་པའི་གྱེས་གདུང་གི་མཆི་མ་དབང་མེད་དུ་བཞུར་དགོས་བྱུང་།  མཐར་སློབ་གླིང་གི་དགེ་རྒན་ལས་བཟོ་བ་དང་སློབ་མ་རྣམས་ཀྱིས་སློབ་གྲྭའི་སྒོ་ཆེན་ཁ་རུ་མཐར་ཕྱིན་སློབ་མ་རྣམས་ལ་སྐྱེལ་ཞུ་གནང་།

གསར་འགོད་པ། འབའ་སྣང་གྲོལ། 

  


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-07-09 ལྟ་ཀློག (6962)