​བརྩེ་བར་སྦྲུམ་པའི་ལོ་ཟླ།

བརྩེ་བར་སྦྲུམ་པའི་ལོ་ཟླ།

འཛིན་བདག་དགེ་རྒན་པདྨ་དོན་གྲུབ།       

སྙིང་ཉེ་བའི་སློབ་བུ་ཚོ། ཐོག་མར་ཁྱེད་ཅག་ལ་རྟེན་འབྲེལ་ཞུ། མི་ལོ་དྲུག་གི་ཡར་སྔོན་དུ་ཁྱོད་ཚོས་ཕུགས་བསམ་ཞེས་པའི་ཡིག་འབྲུ་རེ་རེ་རང་རང་གི་རྡོག་ཁྲེས་སུ་ཁུར་ཏེ་གནས་འདིར་ཡོང་བ་ཡིན་ལ། དེ་དུས་ངས་ཁྱེད་ཅག་ཐོག་མར་ངོ་ཤེས་པའང་ཡིན། ད་ལྟ་ཕྱིར་འདང་རེ་བརྒྱབ་ན་ལོ་ཟླ་ནི་རྒྱང་བཞུད་ཀྱི་རླུང་བུ་བཞིན་འུ་ཅག་འདྲིས་ཤིང་འགྲོགས་ནས་ཡོང་བའི་མི་ལོ་དྲུག་ནི་ཁ་ཕར་འཁོར་ཚུར་འཁོར་གྱི་བར་ནས་འདས་སོང་བ་འདྲ། བྲེལ་འཚུབ་ཀྱིས་རྫོགས་པ་ལྟ་བུའི་མི་ལོ་དྲུག་ནི་དངོས་ནས་ཐུང་ཨང་། ད་ལྟ་ཁྱོད་ཚོ་སློབ་མཐར་སྟེར་རན་བྱུང་།

   དེ་རིང་མ་ཡུམ་སློབ་གྲྭས་ཁྱོད་ཚོར་གཟབ་རྒྱས་ཀྱི་མཐར་ཕྱིན་མཛད་སྒོ་ཞིག་སྤེལ་བའི་རྗེས་སུ་ཁྱོད་ཚོས་རང་རང་གི་མཁོ་ཆས་དང་བསླབ་དེབ། མལ་ཁྲིའི་འཁྲིས་སུ་བརྩིགས་པའི་དེབ་རྒན་དེ་དག་བསྡུ་གསོག་བརྒྱབ་ཅིང་། མ་ཡུམ་སློབ་གྲྭའི་གྲ་དང་གྲུ་ཟུར་རེ་རེར་དྲན་ཤིང་དང་འཛུམ་མདངས་རེ་བཞག་ནས་རེ་ཞིག་མ་ཡུམ་སློབ་གྲྭ་དང་ཁ་གྱེས་གྲབས་ཡོད་དུས། ངས་སྐད་ཆ་གང་ཞིག་ནས་འགོ་བརྩམས་ཏེ་ཁྱོད་ཚོར་ཅི་ཞིག་བཤད་དགོས་པའང་ཤེས་ཀྱིན་མི་འདུག འདང་ཡང་ཡང་བརྒྱབ་ན་མི་ལོ་དྲུག་པོ་འདིའི་རིང་དུ་ངས་རང་གིས་གང་ཤེས་པ་དག་ཁྱོད་ཚོར་མ་བཤད་པ་གཅིག་ཀྱང་མེད་པ་འདྲ།  ཡང་འདང་གཞན་དང་གཞན་ནས་བརྒྱབ་ན་ངས་ཁྱོད་ཚོར་ད་དུང་མང་བོ་ཞིག་བཤད་ཐུབ་མེད་པ་འདྲ། གང་ལྟར་ཁྱོད་ཚོས་ད་ལྟའི་བར་དུ་བདེ་ལེགས་ཐམས་ཅད་ཀྱི་རྩ་བར་གྲུབ་པའི་དགེ་རྒན་རྣམ་པའི་ཐུགས་བཞེད་བརྩིས་ཤིང་བཀའ་སློབ་ཡིད་ལ་བཟུང་ནས་ཡོང་བ་ཡིན་པས། ང་ལ་དེ་ལས་འཐུས་པའི་སྐད་ཆ་ཞིག་ཀྱང་མེད་པ་འདྲ།

 

         ད་ནི། ཁྱོད་ཚོ་རང་རང་གི་ཆེས་ཐོག་མའི་དམ་བཅའ་དེ་ལས་མ་བརྒལ་བར་སློབ་མཐར་སྟེར་ཐུབ་པར་གྱུར་བ་ནི། ཁྱོད་ཚོའི་ཕ་མ་སྤུན་མཆེད་དང་གཉེན་ཉེ་དུ། ཡུལ་འདིའི་དགེ་རྒན་དང་ལས་བཟོ་བ་ཡོངས་སྙིང་ནས་དགའ་ཡོད། ལོ་འདི་དག་གི་ནང་དུ་ཁྱོད་ཚོ་མཚམས་ལན་རེར་སྒྲིག་ལམ་དང་སློབ་སྦྱོང་སོགས་ཀྱི་དབང་གིས་སུན་སྣང་དང་ཁོ་ཆད།  ཐ་ན་སློབ་བྱོལ་བྱེད་འདོད་ཀྱི་བསམ་བློ་ཡང་སྐྱེས་མྱོང་བ་ངས་གསལ་བོར་ཤེས། ཡིན་ནའང་། ཁྱོད་ཚོས་དཀའ་ངལ་ཡོད་ཚད་གདོང་ལེན་དང་བཟོད་བསྲན་བྱས་ནས་གཞི་ནས་རང་གི་ཕུགས་བསམ་མངོན་གྱུར་བྱུང་ཆེད་སློབ་མཐར་སྟེར་ཐུབ་པ་ནི། རང་གི་གཟི་བརྗིད་དང་རྒྱལ་ཁ། བླ་མེད་ཀྱི་བསོད་ནམས་ཤིག་ཏུ་བསྒོམ་ཅི་ལ་མི་ཆོག

   སྙིང་ཉེ་བའི་སློབ་བུ་ཚོ། ཉིན་འགའི་སྔོན་དུ་ངས་ཁྱོད་ཚོ་རང་རང་གི་མཐར་ཕྱིན་ཆེད་རྩོམ་གྱི་ཕྱིར་དུ་ཁོམ་གྱིན་མེད་པ་སོགས་མཐོང་ཚེ་ང་ལའང་བཤད་མི་ཤེས་པའི་དགའ་ཚོར་མང་བོ་ཞིག་འདུག  སྤྱིར་མཐར་ཕྱིན་སློབ་སྐབས་རྗེས་མ་འདིའི་ནང་དུ་ང་ཡང་སློབ་གྲྭའི་ནང་དུ་བསྡད་དེ། ཁྱོད་ཚོ་མཐར་ཕྱིན་ཁའི་ལས་ཀའི་མགོ་རྔ་ཀུན་ཏུ་ཞུགས་འདོད་ཀྱི་འདུན་པ་ཆེ་ནའང་།  སོ་སོའི་སྒེར་ངོས་ཀྱི་ལས་ཀའི་ཕྱིར་དུ་ངས་ཐག་རིང་ནས་ཁ་པར་དང་སྐད་འཕྲིན་ལས་ཁྱོད་ཚོར་བཀོད་སྒྲིག་དང་། འཛིན་གྲྭའི་ཁྲིད་བྱའི་དགེ་རྒན་དག་གམ་ཡང་ན་དགེ་རྒན་གཞན་རྣམ་པའི་ངག་ནས་ཁྱོད་ཚོའི་གནས་ཚུལ་ལ་རྒྱུས་ལོན། ཁྱོད་ཚོར་བཅོལ་གདམས་ལྟ་བུ་ཞིག་མ་གཏོགས་བྱེད་མི་ཐུབ་པའི་དུས་ཤིག་ལ་ཁེལ་བྱུང་བས། ངའི་སེམས་པ་སྔར་ལས་ཀྱང་བྲེལ་འཚུབ་དང་སེམས་ཁྲལ་གྱིས་ཡོངས་སུ་ཁེངས། དེ་ལྟ་ནའང་ད་ལྟའི་ང་ལ་དེ་ལས་ལྷག་པའི་ཐབས་ཤེས་གཞན་མ་བྱུང་བས་ཁྱོད་ཚོས་བསམ་ཤེས་བྱ་དགོས་ཨང་།

        ངས་མི་ཚེ་འདིའི་ནང་དགེ་རྒན་ཞེས་པའི་མིང་བྱང་ཞིག་ཁུར་ཏེ་ཡུན་རིང་མ་འགོར་བར།   ཁྱོད་ཚོ་ནང་བཞིན་གྱི་བོད་གངས་ཅན་གྱི་གཞོན་ནུ་སྐོར་ཞིག་གི་འཛིན་བདག་ཐེངས་གཉིས་ལ་བྱས་པ་ཡིན་ལ།   ཁྱོད་ཚོ་ནི་ཐེངས་གསུམ་པ་དེ་ཡིན། ལོ་འདི་དག་གི་ནང་དུ་ངས་ཁྱོད་ཚོའི་སྟེང་དུ་ངོ་གནག་གནག་དང་།  སློབ་སྦྱོང་དང་སྒྲིག་ལམ་གྱི་ཕྱིར་དུ་འགྲམ་ལྕག    ཐ་ན་དགོང་ཞོགས་གཉིས་སུ་དབྱུག་པ་བཟུང་སྟེ་གཞི་ནས་མི་ལོ་དྲུག་པོ་ཡོངས་སུ་བསྐྱལ་ཚར་དུས་ཕྱིར་འདང་ཞིག་བརྒྱབ་ན། ཁྱོད་ཚོ་ནི་གཞན་ལ་བསམ་ཤེས་ཐུབ་པའི་གཞོན་ནུ་སྐོར་ཞིག་ཡིན་ཏེ། སྒོས་སུ་སློབ་གྲྭའི་དགེ་རྒན་དང་ལས་བཟོ་བ་དག་ལ་བསམ་ཤེས་ཐུབ་ཅིང་ཁོང་ཚོའི་དཀའ་སྡུག་ཤེས་པའི་གཞོན་ནུ་སྐོར་ཞིག་ཡིན།

 ཁྱོད་ཚོ་དེ་རིང་འདི་ལྟར་རྒྱལ་ཁ་དང་གཟི་བརྗིད་ངང་ལམ་ལ་ཆས་དུས། ངས་ཡང་བསྐྱར་མི་ལོ་དྲུག་གི་ཡར་སྔོན་གྱི་ཁྱོད་ཚོ་དྲན་བྱུང་།  ཁྱོད་ཚོའི་ལྷད་མེད་ཀྱི་འཛུམ་མདངས་དང་དགོད་སྒྲ། གུས་ཞབས། ཁྲེལ་གཞུང་། མཚམས་ལན་རེར་སློབ་སྦྱོང་དང་སྒྲིག་ལམ་ལ་སུན་སྣང་གྱིས་གནང་བ་རྫུན་ཞུ་བྱེད་དུ་ང་སར་འོངས་པའི་རྣམ་འགྱུར་རེ་རེ་དྲན་ཡོང་། ད་དུང་། ལོ་ངོ་འདི་དག་གི་རིང་ལ་ངའི་བསམ་ཚུལ་དང་ལངས་ཕྱོགས་ཐམས་ཅད་ལ་རྒྱབ་སྐྱོར་བྱས་ཤིང་། ངའི་བཀོད་སྒྲིག་ནང་ལྟར་སོང་བས་འཛིན་གྲྭའི་ལས་ཀ་ཆེ་མ་ཆུང་གསུམ་ལེགས་པར་གྲུབ་པའི་ཉིན་མཚན་དེ་དག་ཀྱང་དྲན་ཡོང་། གང་ལྟར། བྲེལ་འཚུབ་ཀྱིས་བསྐྱལ་བ་ལྟ་བུའི་མི་ལོ་འདི་དག་ནི་ང་ཚོ་སུ་ལ་མཚོན་ན་ཡང་། ཕྱི་ཐག་དང་ཁྲེལ་གཞུང་གི་རང་བཞིན་ཅན་གྱི་མེ་ལོང་ཞིག་ཡིན།   མདོར་ན་ང་ཁྱེད་ཅག་ཐམས་ཅད་ལ་སྙིང་ནས་དགའ། 

         དེ་རིང་ནས་བཟུང་། ཁྱོད་ཚོ་གནས་འདི་དང་རེ་ཞིག་ཁ་གྱེས་དགོས་ཤིང་། སོ་སོའི་ཕུགས་མདུན་གྱི་ཕྱིར་དུ་རྗེས་སུ་གནས་གང་ལ་སོང་ཡང་། ང་ཚོའི་སེམས་ཁོངས་ན་རྟག་ཏུ་ཉི་ཟླ་བཞིན་འཚེར་བའི་སྐྱེས་ཆེན་ཁོང་གི་ཐུགས་བསྐྱེད་དང་། ཡུལ་འདི་རུ་འཕྲིན་ལས་དཀར་བོ་དོན་དུ་གཉེར་མཁན་གྱི་དགེ་རྒན་ཚོའི་ཞལ་གདམས་ཡིད་ལ་དམ་པོར་ཟུངས་དང་། ད་དུང་། ཁོང་ཚོའི་ལང་ཚོ་དང་རིན་ཐང་ལྡན་པའི་དུས་ཚོད་མང་བོ་ཞིག་གནས་འདི་རུ་ཤོར་ཟིན་ནའང་། སུ་ལ་ཡང་འཁང་ར་དང་འགྱོད་པ་མེད་པར་འདི་རུ་འཚོ་ཞིང་བཞུགས་པའི་གནས་ལུགས་དེའི་རྒྱབ་ལྗོངས་རྟོགས་དགོས་ཤིང་། སློབ་གྲྭའི་ལས་གཞི་ཆེ་མ་ཆུང་གསུམ་གྱི་མགོ་རྔར་འཇུས་པའི་ལས་བཟོ་བ་མང་བོ་ཞིག་གི་སྐུ་དྲིན་ཡང་མི་བརྗེད་པར་གྱིས།

         ཁྱོད་ཚོ་གནས་འདི་རུ་ཐོན་པ་ནས་ད་ལྟའི་བར་ཉིན་མཚན་དུས་དྲུག་ཏུ།  རང་རང་གི་ཚོད་ཀྱིས་བརྩོན་འགྲུས་ལྷོད་མེད་དང་། དགེ་རྒན་རྣམ་པའི་སྐུལ་འདེད་དང་གཟིགས་སྐྱོང་འོག་ནས་ཐོས་བསམ་གྱི་ལས་ལ་ཞུགས་ཏེ་ཡོང་བ་ཡིན།  ད་ནས་བཟུང་། ཁྱོད་ཚོ་དགེ་རྒན་རྣམ་པའི་ཤ་ཚ་ཚ་དང་གྲོས་འདེབས་འདེབས་ཀྱི་གཟིགས་སྐྱོང་དང་གྱེས་ཏེ་ཡུལ་གཞན་དུ་འགྲོ་དགོས་པས། རང་གི་སློབ་སྦྱོང་དང་ཀུན་སྤྱོད་མི་འདོར་བར་གྱིས། ད་ལྟའི་སྤྱི་ཚོགས་འདིའི་ནང་ཡོད་ཚད་སློབ་སྦྱོང་ལ་མ་བརྟེན་ཐབས་མེད་དུ་གྱུར་ཡོད་ལ། གང་ཞིག་སློབ་སྦྱོང་དང་གྱེས་པ་དེས་གང་ཉིད་འཚོ་གཞེས་ཀྱི་སྙིང་བོའི་རྨང་ལ་འགྱུར་བ་ཐེབས་ངེས་ཡིན་པས། ངས་འདིར་ཁྱོད་ཚོས་མ་འོངས་པ་ན་ཡང་སློབ་སྦྱོང་མི་བརྗེད་ཅིང་། མི་གཞི་མི་འདོར་བར་རྒྱུ་འབྲས་ཀྱི་བློ་མིག་བསྲུང་བའི་ཁ་གཡང་དང་རེ་བ་ཞུས་པ་ཡིན། 

            ཞེས་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་ལྔ་བའི་མཐར་ཕྱིན་འཛིན་གྲྭ་གཉིས་པ་སྟེ། ཐུ་བྷོད་རུ་དཔུང་ཚང་གི་འཛིན་བདག་གི་མིང་ཙམ་འཛིན་པའི་པདྨ་དོན་གྲུབ་ཀྱིས་སློབ་བུ་ཚོར་མཐར་ཕྱིན་ཁའི་གྱེས་ཁ་མའི་གཏམ་ཞིག་གི་དོད་དུ་གནའ་མཁར་ཟི་ལིང་ནས་བྲིས།

 སྤྱི་ལོ་༢༠༢༢ལོའི་ཟླ་༦ཚེས་༡༥ཉིན།



རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-07-06 ལྟ་ཀློག (19578)