​རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (བརྒྱད་པ) སྐལ་བཟང་རྒྱ་མཚོ།

 

རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། 

   རེབ་གོང་ལྷ་རིས་པ་སྐལ་བཟང་རྒྱ་མཚོ་ལགས་ནི། རེབ་གོང་གསེར་མོ་ལྗོངས་ཀྱི་སེང་གེ་གཤོང་ཡ་མགོ་སྡེ་བ་ནས་སྐྱེས། ༡༩༩༢ལོར་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བློ་གསལ་རྒྱ་མཚོ་མཆོག་གི་མདུན་ནས་རབ་ཏུ་བྱུང་སྟེ་སེང་གཤོང་ཡ་མགོ་དགོན་དཔལ་ལྡན་ཆོས་འབྱོར་གླིང་དུ་ཞུགས། ༡༩༩༧ལོར་དགོན་པའི་ཚོགས་རྒྱུགས་མཐར་ཕྱིན་ནས་དགེ་རྒན་རྣམས་ཀྱི་ཐུགས་དགོངས་བཞིན་བླ་བྲང་དུ་མངགས་ཏེ་ངེས་དོན་གྱི་ལྷ་བཟོ་བ་ཆེན་མོ་མཆོད་རྟེན་སྐྱབས་དགེ་རྒན་དུ་བསྟེན་ནས་བོད་ཀྱི་ལྷ་རིས་སྒྱུ་རྩལ་ལ་སྦྱངས་པ་ལེགས་པར་མཛད། 

༡༩༩༩ལོར་ཕྱིར་རང་དགོན་དུ་ཕེབས་ཏེ་སློབ་ཕྲུག་མང་བོ་བསྐྱངས་པར་མ་ཟད། དད་ལྡན་ཡོངས་ཀྱི་རེ་འདོད་སྐོང་ཆེད་རེབ་གོང་སྐྱབས་མགོན་ཤར་སྐལ་ལྡན་རྒྱ་མཚོ་མཆོག་ལ་དུས་འཁོར་དབང་ཆེན་ཐེངས་གཉིས་པ་ཞུས་ཏེ་སྦྱིན་བདག་བྱས། ༢༠༠༢ལོར་ཨ་ལགས་ཁ་སོ་ཚང་དང་རྭ་རྒྱ་དགོན་པའི་ཨ་ལགས་གཙོ་རི་རྣམ་གཉིས་ཀྱིས་ཐུགས་བཀོད་ལྟར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་ཞུགས་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་སྦྱང་བརྩོན་བྱེད་ཞོར་སློབ་བུ་ཚོགས་པའི་ཚོགས་གཙོའི་འགན་འཁུར་ནས༢༠༠༦ལོར་སློབ་མཐར་ཕྱིན།

 ༢༠༡༣ལོར་ཕུ་བོ་ཨ་ཁུ་སངས་རྒྱས་ཀྱིས་རེབ་གོང་མི་རིགས་རིག་གནས་ཕོ་བྲང་བཞེངས་བསྐྲུན་ལེགས་འགྲུབ་བྱུང་བས། ཡུན་རིང་སེམས་ལ་ཉར་བའི་དམ་བཅའ་མངོན་འགྱུར་བྱེད་པ་ལ་མཐུན་རྐྱེན་ཡག་པོ་འཛོམས་ཏེ་སངས་རྒྱས་རེང་གོང་མི་རིགས་རིག་གནས་ཕོ་བྲང་བཟོ་རིག་གསོ་སྐྱོང་སློབ་གྲྭ་དངོས་སུ་ལེགས་འགྲུབ་བྱུང་། དེ་ནས་བཟུང་ལྷ་བཟོ་ཆེད་སྦྱོང་བཟོ་རིག་གསོ་སྐྱོང་སློབ་གྲྭའི་སློབ་གཙོའི་འགན་བཞེས་ཏེ། སྔོན་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་སློབ་སྦྱོང་བྱས་པའི་སྐལ་བ་མ་ཐོབ་པའི་སློབ་མ་མང་བོར་བོད་ཀྱི་བཟོ་བ་རིག་པའི་ལྷ་རིས་སྒྱུ་རྩལ་ལ་སློབ་གཉེར་བྱེད་པའི་གོ་སྐབས་བསྩལ་བར་མ་ཟད། ཕྱིའི་ཁོར་ཡུག་མཛེས་ཤིང་ནང་གི་བཟོ་བཀོད་ལེགས་པའི་རེབ་གོང་མི་རིགས་རིག་གནས་ཕོ་བྲང་གི་དཔེ་མཛོད་ཁང་དང་། རེང་གོང་མི་རིགས་རིག་གནས་ཕོ་བྲང་གི་འགྲེམས་སྟོན་ཁང་སོགས་ལ་རྒྱལ་ཁབ་རིམ་པའི་དགའ་བསུ་ཆེས་ཆེར་ཐོབ་པས་རྒྱལ་ཕྱི་ནང་གི་ཡུལ་སྐོར་ལྗོངས་རྒྱུའི་ས་ཚིགས་སུ་བདམས། ལོ་ངོ་འདི་དག་གི་རིང་གོང་རིམ་གྱི་ཆོག་མཆན་དང་དཔང་ཡིག་ལྡན་པའི་ལྷ་རིས་ཆེད་སྦྱོང་གི་གསབ་སྦྱོང་རབས་དང་རིམ་པ་བཙུགས་ཏེ་ཆེད་ལས་མི་སྣ་སྟོང་ཕྲག་ཡས་མས་ཤིག་ལ་དཔང་ཡིན་བྱིན། རང་སློབ་གྲྭའི་སློབ་བུ་བརྒྱ་ཕྲག་གཉིས་ཡས་མས་ཤིག་ལ་བློ་སྦྱོང་གི་སྐོར་དང་། བོད་ཡིག་བརྡ་སྤྲོད་དང་སྙན་ངག རྒྱ་ཡིག ཕྱིའི་ཀུན་སྤྱོད་དང་ནང་བསམ་བློ། ལྟོ་གོས་སོགས་ཕྱོགས་གང་ཅིའི་ཐད་ལ་མཐུན་རྐྱེན་མཛད་དེ་སྐབས་བཞི་སློབ་མཐར་ཕྱིན་ནས། སྤྱི་ཚོགས་ཀྱི་སྣེ་རེ་རེ་ན་རང་རང་གི་རེ་བའི་ཕུགས་འདུན་མངོན་གྱུར་བྱས་དང་བྱེད་མུས་སུ་གནས་ལ། ད་ལོ་སྐབས་ལྔ་བ་མཐར་ཕྱིན་ལ་ཉེ་བ་ལགས་ནའང་ལོ་རེ་རེའི་བཀོད་སྒྲིག་ལྟར། སྟོན་དཔྱིད་གཉིས་ཀྱི་སློབ་བསྡུའི་དུས་ཡུན་རྒྱུན་ལྡན་ལྟར་སྡུད་བཞིན་ཡོད་པ་མ་ཟད། ནམ་རྒྱུན་སློབ་གཙོས་སློབ་གླིང་འདིར་སློབ་གཉེར་ལ་འབད་པ་ལྷོད་མེད་མཆིས་པའི་སློབ་མ་གང་མང་མང་ཞིག་གི་འབྱུང་འགྱུར་མདུན་ལམ་ལ་ཐུགས་དགོངས་ཆེར་བཞེས་ཀྱིས་མཐུན་རྐྱེན་གང་ལེགས་གནང་བཞིན་པའི་སྒང་ལགས།

སློབ་གཙོ་ཁོང་གིས་འབད་འབུངས་ལྷོད་མེད་ཀྱིས་གཙོ་གཉེར་མཛད་པའི་ངེད་རེབ་གོང་མི་རིགས་རིག་གནས་ཕོ་བྲང་བཟོ་རིག་གསོ་སྐྱོང་སློབ་གྲྭར།  ༢༠༡༢ལོའི་ཟླ་༨པར་རེབ་གོང་རིག་གནས་གནས་བབས་སྲུང་སྐྱོབ་ས་ཁུལ་བདག་དམ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་རིམ་པའི་ཤུལ་བཞག་གཟུགས་མེད་རིག་གནས་རེབ་གོང་ཐང་གའི་སྒྱུ་རྩལ་སྤུས་ལེགས་ཅན་གྱི་མཚན་སྙན་གནང་། ༢༠༡༣ལོའི་ཟླ༦པར་རེབ་གོང་མི་རིགས་རིག་གནས་ཁང་ཕྱོགས་བསྡུས་ཤུལ་བཞག་གཟུགས་མེད་རིག་གནས་ཆེད་སྦྱོང་ལྟེ་གནས་ཀྱི་མཚན་སྙན་ཐོབ།༢༠༡༤ལོའི་ཟླ་༡༢པར་རེབ་གོང་མི་རིགས་རིག་གནས་ཕོ་བྲང་དེ་རྨ་ལྷོ་ཁུལ་བུད་མེད་ལག་ཤེས་དང་འཁེལ་འཐག་རྣམ་གྲངས་ཀྱི་གཞི་རིམ་ཞབས་ཞུའི་ས་ཚིགས་སུ་བདམས་པ་རེད།

༢༠༡༤ལོའི་ཟླ༩བར་མཚོ་སྔོན་ཞིང་ཆེན་རིག་གནས་ཁང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཐོན་ཁུངས་སྲུང་སྐྱོབ་ཁང་། མཚོ་སྔོན་ཞིང་ཆེན་དཔལ་འབྱོར་དང་བརྡ་འཕྲིན་ཨུ་ཡོན་ལྷན་ཁང་གིས། མཚོ་སྔོན་ཞིང་ཆེན་རིམ་པ་དང་བོའི་དམངས་ཁྲོད་ལྷ་བཟོ་སློབ་དཔོན་ཆེན་མོའི་མཚན་སྙན་གནང་། ༢༠༡༤ལོའི་ ཟླ༡༢པར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཐང་ག་ལ་ཀྲུང་གོའི་ཆེད་མཁས་པའི་ལས་བཟོའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་སྟེང་བྱ་དགའ་ཨང་དང་བོ་ཐོབ།   སངས་རྒྱས་སྨན་ལྷའི་ཐང་ག་ལ་༢༠༡༥ལོའི་ཀྲུང་གོ་ཧྲིན་གྲིན་(深圳)རྒྱལ་སྤྱིའི་རིག་གནས་ལས་གཞི་འགྲེམ་སྟོན་ཚོགས་འདུའི་སྟེང་ཀྲུང་གོའི་ལྷ་བཟོའི་སྒྱུ་རྩལ་རིག་གནས་གསར་སྤེལ་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།   

༢༠༡༥ལོའི་ཟླ་༦པར་རེབ་གོང་མི་རིགས་རིག་གནས་ཕོ་བྲང་སྟེ་མཚོ་སྔོན་ཞིང་ཆེན་གྱི་སྤུས་ཚད་སློབ་གསོའི་ལག་ལེན་རྟེན་གཞིར་བདམས་པ་རེད།     ༢༠༡༥ལོའི་ཟླ༡༡པར་ཕྱག་སྟོང་སྤྱན་སྟོང་གི་ཐང་ག་ཚོན་བྲིས་མར་ཀྲུང་གོའི་ཆེད་མཁས་ལག་བཟོའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་རྒྱལ་སྤྱིའི་ཁྱད་འཕགས་སྒྱུ་རྩལ་འགྲེམ་སྟོན་སྐབས་བཅུ་དྲུག་པའི་སྟེང་རྒྱལ་སྤྱི་ལས་བཟོའི་སྒྱུ་རྩལ་སྡེ་ཁག་ཨོ་སི་ཁའི་(奥斯卡)མཚན་སྙན་ཐོབ། ༢༠༡༥ལོའི་ཟླ་༡༢པར་རེབ་གོང་མི་རིགས་རིག་གནས་ཕོ་བྲང་སྟེ་མཚོ་སྔོན་ཞིང་ཆེན་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞིར་བདམས་པ།   ༢༠༡༥ལོའི་ཟླ་༡༢པར་རེབ་གོང་མི་རིགས་རིག་གནས་ཕོ་བྲང་དེ་མཚོ་སྔོན་ཞིང་ཆེན་གྱི་སྤུས་ཚད་ཡིད་རྟོན་ཁེ་ལས་AAAAAརིམ་པར་བདམས་པ།   ༢༠༡༥ལོའི་ཟླ་༡༢པར་རེབ་གོང་མི་རིགས་རིག་གནས་ཕོ་བྲང་དེ་མཚོ་སྔོན་ཞིང་ཆེན་གྱི་བུད་མེད་ཆེད་ལས་མཉམ་ལས་ཁང་ལ་བདམས་པ།  ༢༠༡༥ལོའི་ཁྱད་འཕགས་ཀྲུང་གོའི་ལག་བཟོའི་སྒྱུ་རྩལ་གྱི་གསེར་གྱི་རྟགས་མ་ཐོབ། ད་ལྟ་ཡང་མུ་མཐུད་དུ་མི་རིགས་སློབ་གསོའི་བྱ་བཞག་སྒྲུབ་ཞོར་བོད་ཀྱི་ཐང་གའི་སྒྱུ་རྩལ་འདི་ཉིད་རྒྱལ་ཁབ་རང་བཞིན་ཅན་དང་འཛམ་གླིང་རང་བཞིན་ཅན་དུ་བསྒྱུར་བར་འབད་དང་འབད་བཞིན་པ་ལགས། 

༢༠༡༧ལོའི་ཟླ་༡༡པར་རེབ་གོང་མི་རིགས་རིག་གནས་ཕོ་བྲང་དེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཤེས་ལྡན་མི་སྣའི་ལས་དོན་སྔོན་ཐོན་མཉམ་སྡེབ་ལ་བདམས་པ། ༢༠༡༧ལོའི་ཟླ་༩བར་རེབ་གོང་མི་རིགས་རིག་གནས་ཕོ་བྲང་སྟེ་རྨ་ལྷོ་ཁུལ་གྱིས་རིག་གནས་མཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཚོད་ལྟའི་གྲོང་ཁྱེར་གྱི་ལས་དོན་གཙོ་གནད་ཁེ་ལས་ལ་བདམས་པ།  ༢༠༡༨ལོའི་ཟླ་༡༠པར་རེབ་གོང་མི་རིགས་རིག་གནས་ཕོ་བྲང་སྟེ་རེབ་གོང་རིག་གནས་ཤེས་ལྡན་མི་སྣ་སྐྱེད་སྲུང་དཔེ་སྟོན་ཁེ་ལས་ལ་བདམས་པ་རེད།  ༢༠༡༩ ལོའི་ཟླ་༡༡པར་རེབ་གོང་མི་རིགས་རིག་གནས་ཕོ་བྲང་དེ་ལས་ཞུགས་དབུལ་སྐྱོར་འཁོར་ཁང་ལ་བདམས་པ། ༢༠༢༠ལོའི་ཟླ་༧པའི་ཚེས་༢༡ཉིན་སྐུ་འབུམ་ལས་རིགས་སློབ་གསོའི་ལྟེ་གནས་དང་མཉམ་སྒྲུབ་ཀྱིས་སྐུ་འབུམ་ལས་རིགས་སློབ་གསོའི་ལྟེ་གནས་ཡན་ལག་སློབ་གྲྭ་རེབ་གོང་མི་རིགས་རིག་གནས་ཕོ་བྲང་དུ་དངོས་སུ་སྒོ་འབྱེད་མཛད།༢༠༢༠ལོའི་ཟླ་༡༢་པར་ཐུན་རིན་གྲོང་ཁྱེར་རིག་རྩལ་གོང་ཏེན་ཅུའུ་(广电局)ཐུན་རིན་གྲོང་ཁྱེར་རེབ་གོང་སྒྱུ་རྩལ་མཐུན་ཚོགས་ཀྱིས་ཨ་མདོ་ས་ཁུལ་ནས་མིང་དུ་གྲགས་པའི་རེབ་གོང་སྒྱུ་རྩལ་བའི་མཚན་སྙན་གནང་བ་སོགས་ནི་ཁོང་གི་བློ་གྲོས་བཟང་བོའི་ཐབས་བཀོད་དང་ལྷག་བསམ་ཟོལ་མེད་ཀྱི་མཛད་འཕྲིན་ཁོ་ན་ལས་མ་འདས་པ་ཡིན།

སྐལ་བཟང་ཁོང་གི་དེ་སྔའི་ལས་སྣེ་གཙོ་བོའི་ཐོབ་ཐང་དག་ནི། མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྟེ་རེབ་གོང་ཐང་གའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་དང་པོའི་བཟོ་རྩལ་མཛེས་རྩལ་ཆེན་མོ་བ། མཚོ་སྔོན་རེབ་གོང་མི་རིགས་རིག་གནས་ཕོ་བྲང་གསར་འཛུགས་བྱེད་མཁན་དང་སློབ་གཙོ། རེབ་གོང་རིག་གནས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མཁའ་ཁྱབ་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱི་ཚོགས་གཙོ། རེབ་གོང་རིག་གནས་དྲིལ་བསྒྲགས་པའི་ཕོ་ཉ་བ། ཀྲུང་དབྱང་རིག་གནས་དོ་དམ་ལས་བྱེད་པའི་སྒྱུ་རྩལ་སློབ་གླིང་གི་གདན་ཞུས་དགེ་རྒན་ཆེན་མོ་བ། མཚོ་སྔོན་ཞིང་ཆེན་རེབ་གོང་རྫོང་སྲིད་གྲོས་ཨུ་ཡོན།    མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་གྲོས་ཨུ་ཡོན། རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཆེན་གཞོན་པ། ཐང་གའི་རིན་གོང་གཏན་འཁེལ་གྱི་རིགས་གཅིག་མཛོད་ཀྱི་ཆེད་ལས་མཁས་ཅན། ཆིན་ཧྭ་སློབ་ཆེན་མཛེས་རྩལ་སློབ་གླིང་རི་མོ་ཚན་ཁག་གི་དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ་བ་བཅས་སོ། །  

ད་དུང་ཁོང་གིས་རྒྱུན་པར་གསུང་རྒྱུར་ཐང་ག་ནི་སྒྱུ་རྩལ་ཞིག་ཡིན་ལ་དེ་ལས་ཀྱང་རིག་གནས་ཤིག་ཡིན། ཐང་གའི་རིག་གནས་ནི་མ་གཞི་ནས་ཆོས་ལུགས་རིག་གནས་ཤིག་ཡིན་ལ། ཆོས་ལུགས་རིག་གནས་ནི་མིའི་རིགས་ཀྱི་བསམ་བློའི་འདུ་ཤེས་མཐོན་པོར་སྒྲེང་བའི་རིག་གནས་ཁྱད་པར་བ་ཞིག་ཡིན་པས། ཐང་གའི་རིག་གནས་བརྒྱུད་སྤེལ་བྱེད་པ་ནི་དོན་ལ་གནས་ལུགས་དང་བདེན་ལུགས་བརྒྱུད་སྤེལ་བྱེད་པ་ཡིན་ཞེས་གསུངས་པ་དེའོ། །

གསལ་བཤད།  
    གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བར་ཆེད་དུ་སློབ་གླིང་འདིའི་ཕུལ་བྱུང་མཐར་ཕྱིན་སློབ་མ་རྣམས་འོས་སྦྱོར་བྱེད་ཀྱིན་ཡོད་པས། མཐར་ཕྱིན་འཛིན་གྲྭ་སོ་སོའི་སྤྱི་ཚོགས་སྟེང་གཟེངས་ཐོན་གྱི་མཐར་ཕྱིན་སློབ་མ་དག་སློབ་ཚོགས་གཞུང་ལས་ཁང་དུ་འོས་སྦྱོར་གནང་རོགས་ཞུ།  
སློབ་ཚོགས་གཞུང་ལས་ཁང་གི་ཁ་པར་ཨང་གྲངས།  (0975) 838 9857     སྐད་འཕྲིན། 15109745084


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-07-05 ལྟ་ཀློག (19831)