སློབ་གླིང་གསར་འགྱུར། གློག་བརྙན་འགྲེམས་སྟོན་དུས་ཆེན།


སྐབས་ལྔ་བའི་ཐོན་མིའི་སྐྱེ་ཁམས་རིག་གནས་བརྙན་གཟུགས་འགྲེམས་སྟོན། 

  ངེད་སློབ་གླིང་གི་ལོ་རེའི་འཆར་ཅན་ལྟར་ཐོན་མིའི་སྐྱེ་ཁམས་རིག་གནས་བརྙན་གཟུགས་འགྲེམས་སྟོན་སྐབས་ལྔ་བ་དེ་རིང་དངོས་སུ་འཚོགས་ཤིང་། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་དང་། ངེད་སློབ་གླིང་གི་སྔོན་གྱི་གློག་བརྙན་ཆེད་སྦྱོང་དགེ་རྒན་ཁྲིན་ཁྲུང་ཡའོ། དེ་བཞིན་ཡུན་ནན་སློབ་ཆེན་གྱི་མིའི་རིགས་རིག་པའི་གློག་བརྙན་ཆེད་མཁས་པ་ཁྲིན་ཞུའེ་ལིས་བཅས་ཀྱིས་བརྙན་ཐུང་གི་ལམ་ནས་རྟེན་འབྲེལ་ཤིས་ཚིག་ཕུལ། 

     གློག་བརྙན་འཕྲིན་ཆེད་སྦྱོང་འཛིན་གྲྭའི་རིག་གནས་མཛུབ་སྟོན་དགེ་རྒན་བཟོད་པ་བཟང་བོ་དང་། རུ་མང་འཕྲིན་ལས། བླ་ནག་སྐལ་ལྡན། དབང་ཆེན་རྡོ་རྗེ། གྱི་ལིང་འཇིགས་མེད། དེ་བཞིན་གློག་བརྙན་ཆེད་སྦྱོང་གི་དགེ་རྒན་ཁོ་ཚེ་འཇམ་དབྱངས་བཀྲ་ཤིས་བཅས་ཀྱིས་བསྟུད་མར་ཉིན་གཉིས་ཀྱི་རིང་ལ་སློབ་མ་དག་གི་གློག་བརྙན་བརྩམས་ཆོས་ཁྲོད་གློག་བརྙན་བརྒྱད་བདམས་ཤིང་། དེ་དག་རྣམས་རེ་རེ་བཞིན་དེ་རིང་དགེ་སློབ་ཡོངས་ལ་གཟིགས་འབུལ་ཞུས་པར་མ་ཟད། གློག་བརྙན་ལས་རིགས་ཁྲོད་གདེང་འཇོག་ཧ་ཅང་མཐོ་བའི་ན་གཞོན་འཁྲབ་ཁྲིད་པ་མཁའ་བྱམས་རྒྱལ་གྱི་དངོས་བྲིས་གློག་བརྙན་དཔའ་བོའི་ལུང་བ་དང་། ངེད་སློབ་གླིང་གི་སྔོན་གྱི་སློབ་མ་བོད་ཀྱི་ན་གཞོན་གློག་བརྙན་འཁྲབ་ཁྲིད་ན་འཇིགས་མེད་འཕྲིན་ལས་ཀྱི་ཁོ་ཚོས་མཐོ་སྒང་ན་གློག་བརྙན་ཕབ་སྐྲུན་བྱེད་བཞིན་ཡོད་ཅེས་པའི་དངོས་བྲིས། དེ་བཞིན་སློབ་གླིང་རང་གི་དགེ་རྒན་གྱི་ལིང་འཇིགས་མེད་ཀྱི་ཚ་གསུར་དང་གྲོག་སྦྱིན་ཞེས་པའི་དངོས་བྲིས་གཉིས་བཅས་བསྟན། 

     མཇུག་ཏུ་སློབ་གཙོ་གཅོད་པ་ཚེ་རིང་ལགས་ཀྱིས་དེ་རིང་བདམས་ཐོན་བྱུང་བའི་གློག་བརྙན་བརྒྱད་ཀྱི་འཁྲབ་ཁྲིད་པ་རྣམས་ལ་བྱ་དགའི་ལེགས་སྐྱེས་གནང་སྟེ་མཇུག་བསྡུས་སོ། །







གསར་འགོད་པ། གྱི་ལིང་འཇིགས་མེད། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-06-14 ལྟ་ཀློག (4267)