རྭ་རྒྱའི་མཐར་ཕྱིན་རྩོམ་པ་བོ་འོས་སྦྱོར། (དང་བོ) གསེར་འཇམ་བདེ།

རྭ་རྒྱའི་མཐར་ཕྱིན་རྩོམ་པ་བོ་འོས་སྦྱོར། (དང་བོ)


འཇམ་དབྱངས་བདེ་ལེགས་སམ་གསེར་འཇམ་བདེ་ནི་ལོ་རབས་དགུ་བཅུ་བའི་ནང་ཕ་ཡུལ་བྲག་དཀར་དུ་སྐྱེས། 

ཆུང་དུས་ནས་མདོ་སྨད་བྲག་དཀར་སྤྲེལ་རྫོང་གི་ཆོས་སྒོར་ཞུགས། ཉིས་སྟོང་བཅུ་བཞི་ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་ཞུགས་ཏེ་གསར་དུ་བོད་ཀྱི་སུམ་རྟགས་དང་སྙན་ངག་ཕྱོགས་ལ་བརྩོན་པ་བྱས་ཤིང་ནང་སྒོས་བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་སྒྱུ་རྩལ་རྩོམ་སྟངས་ལ་ཤུགས་ཆེ་པོས་འབད། སློབ་མཐར་ཕྱིན་སྐབས་སྒེར་གྱི་སྙན་དེབ་ཐོག་མ་<དད་དུང་འཁུར་བའི་ཡིག་འབྲུ་>ཞེས་པ་བརྩམས་ཤིང་སློབ་གླིང་དེའི་དགེ་རྒན་རྣམ་པས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར།  ཕྱིས་སུ་མདོ་སྨད་བླ་བྲང་དུ་སྙན་ངག་གཙོས་སྒྲ་རིག་པ་སོགས་སུ་སྦྱངས་པ་བྱས། ཉིས་སྟོང་ཉི་ཤུ་ལོར་བསེ་ཚང་རྩོམ་རིག་བྱ་དགའ་ཐོབ། ད་དུང་<ཕོ་ཉ་གཞོན་ནུ་དོན་གྲུབ་ཀྱི་འགྲེལ་བ་དང་དེའི་སྒྱུ་རྩལ་གྱི་ཁྱད་ཆོས་གླེང་བ་སྐལ་བཟང་རྣ་བའི་ཨུཏྤལ་>དང་།  སྲོལ་རྒྱུན་སྙན་དེབ་<དབྱངས་ཅན་མའི་ལྡིང་ཁང་>ཞེས་པ་པར་སྐྲུན་བྱེད་མུས་ཡོད། 


སྟོན་གྱི་སྙན་ཚིག་སྐལ་བཟང་ཟླ་བའི་མིག་སྐྱེམས། 



སྔོན་ནས་རྫོགས་པའི་བྱང་ཆུབ་ཐོབ་ན་ཡང་།། 
ད་དུང་སྙིང་རྗེ་ཕྱིར་མིག་ཟླ་བའི་རིས།། 
བདག་འདྲའི་ཡིད་ཀྱི་ནམ་མཁའ་གསལ་བའི་ཕྱིར།། 
དགྱེས་པའི་འཛུམ་དཀར་དགོད་པ་ཀུན་ཀྱང་བསྟོད།། 

ཤོག་དཀར་སྤྲིན་གྱི་ཡོལ་རས་དཔྱངས་པའི་ངོར།། 
སྙན་ཚིག་སྐར་མའི་ཡིག་ཆུང་སྐོར་འདོད་ཀྱང་།། 
སྲིད་པའི་གདུང་དབྱངས་འདི་རང་མཚོན་ཐུབ་པའི།། 
ཐ་སྙད་མཁའ་ཡི་མེ་ཏོག་རྗེས་སུ་ཆགས། ། 

ནམ་ཟླའི་སྨྲེང་སྐྱོ་མགུར་ལ་དྲངས་པ་ཡི། ། 
བྱིའུ་ཆུང་གཤོག་ཟུང་འདར་མ་འདར་གྱིས་ནི།། 
བག་དྲོའི་ཁོར་ཡུག་ནགས་ཀྱི་ལྗོན་ཤིང་རྩེར།། 
འཕུར་འདུན་མེད་ཀྱང་ལྕགས་ཀྱིས་བསྐུལ་བ་བཞིན།། 

སྟོན་གྱི་ལོ་མ་ཕྱེད་སེར་ཕྱེད་ཀ་ལྗང་། ། 
གཡར་བོའི་ལུས་ཀྱང་ཚེས་མཇུག་ཟླ་རྗེས་སྙེག ། 
ད་དུང་མི་ཚེ་རིང་ངམ་ཐུང་ངམ་ཞེས། ། 
སུར་འདྲི་དམ་པ་དག་ཀྱང་གདེང་མི་འདུག ། 

འོན་ཏེ་དཀར་བའི་ལས་མཐའི་མེ་ཏོག་འདི།། 
གངས་དཀར་རི་བོའི་འདབས་སུ་བཀྲག་སྒང་ལ།། 
མཛའ་གཅུགས་གཡང་དཀར་ལུ་གུ་འཚོ་འདོད་དེས།། 
སྣང་བའི་ཚིག་གི་འུར་ཆ་ངས་ཀྱང་བསྐོར། ། 

ཆུ་འཛིན་མགྲིན་ཆིངས་ཤད་པའི་ཟླ་བ་དེ།། 
གང་གི་ཞལ་འཛུམ་རབ་དཀར་མུ་ཏིག་བཞིན།། 
ཤར་ཀྱི་རྫ་རིའི་འགག་ནས་འཆར་མཐོང་ཚེ།། 
གནོན་མེད་ཡིད་སྐྱོའི་མཚོ་མོ་ལྷག་མར་འཕེལ།། 

དབྱར་ཟླ་དྲུག་པའི་ལང་ཚོ་འཇམ་པོ་དང་། ། 
མེ་ཏོག་ལྟ་བུའི་ཁྱོད་ཀྱི་བརྩེ་བའི་གོས།། 
མེད་པར་བདག་ནི་དབེན་པའི་བྲག་སྐྱིབས་སུ། ། 
རི་དྭགས་གྲོགས་སུ་ལྷག་འདི་བཟོད་ལགས་སམ། ། 

ལོ་དགུར་བསྒྲིལ་བའི་དུང་སེམས་ཐ་གུའི་སྣེར།། 
ཚེ་གང་བོར་བའི་གྲོགས་ཀྱི་དམ་ཚིག་དེས།། 
སེམས་འགྱུའི་རླུང་བུ་ཟིན་ཐབས་མེད་ན་ཡང་།། 
དགའ་གདུང་སྙིང་གི་མགུལ་ཆིངས་བྱས་ལོས་ཆོག ། 

དམར་ཆུང་སྲོག་གི་རྩིས་ཐང་ཡོད་བཞིན་དུ།། 
སེམས་ནང་གསེར་གྱི་བུམ་པ་གཅག་དགོས་ན།། 
ཞེ་འགྱོད་འདི་ཡི་རིན་ཐང་རྟོགས་པ་ཡི།། 
མཆི་མ་མི་ལྷུང་སྲོག་ལྡན་སུ་ཞིག་ཡོད།། 

བྱས་མེད་ལས་ཀྱིས་མི་སེམས་ཤེའུ་ཆུང་ལུས།། 
དབང་མེད་གདུང་བ་སྒྱུ་མའི་ཆོས་ཅན་ཏེ།། 
སྤྱིར་ཡང་མཛའ་བརྩེ་རྒྱ་སྟག་ཐིག་ལེ་ཅན།། 
ལས་རྔོན་མདའ་རྩེར་བརྒྱུས་པའི་གཏམ་རྒྱུས་མང་།། 

འབྱོར་བའི་བསླུ་བྲིད་གཡོན་མའི་མིག་འཛུམ་རྒྱ།། 
ཁྱོད་གཤིས་རྡོ་རྗེ་མཚོན་གྱིས་འབྲེག་མོད་ཀྱི། ། 
མི་བརྟན་ལས་ཀྱི་གཡོར་གྲུ་སྐྱོམ་པ་ཡི།། 
བཤོལ་མེད་མཚོ་རླུང་རྒྱུ་བར་ཁག་ཀྱང་མེད།། 

བྱམས་བརྩེ་ནམ་མཁའི་ཕྱེད་ཀ་འདྲ་བའི་འོག ། 
སྙིང་རྗེའི་འཛུམདཀར་བདག་ལ་ཕྱོགས་པའི་ཁྱོད།། 
མ་ཤི་བརྩེ་བའི་སེམས་པ་དཀར་དཀར་དང་།། 
ཤི་ཡང་དུང་བའི་རུས་པ་དཀར་དཀར་ཡིན།། 

སྟོན་ཟླ་བརྒྱད་པའི་ཉ་གང་ཟླ་བ་དང་།། 
མཛེས་པའི་བཞིན་དཔལ་མཚུངས་པའི་ཡིད་གཅུགས་གྲོགས།། 
རི་ཆུ་བྱེ་བས་བར་ཆད་གཏོང་ན་ཡང་།། 
ཟླ་འོད་འདི་ཡིས་འཛམ་གླིང་གཞོགས་གཅིག་ཁེབས།། 

སྒོ་རའི་མེ་ཏོག་བ་མོས་བཅོམ་ན་ཡང་།། 
བཅོ་ལྔའི་ཟླ་རྒྱས་འཛུམ་དཔལ་སྔར་ལས་སྒོར།། 
ཁྱོས་ཀྱང་རང་གི་ནམ་མཁའ་ཡུག་གཅིག་ངོར། ། 
སྟོན་ཟླའི་དཔལ་ལ་རོལ་པ་བདག་གིས་ཤེས། ། 

སླར་ཡང་ཁྲུང་ཁྱུའི་གཤོག་རྡང་ལྷོ་ལ་བརྐྱངས།། 
མཚོ་དང་ངང་བའི་འཛོམས་སྐལ་ལས་ཀྱིས་ཕྱེས།། 
དེང་མའི་མཛའ་དུང་སྟོན་ལོ་འཐོར་སྲིད་ཀྱང་།། 
སྐལ་བཟང་ཟླ་བའི་ཞལ་འཇམ་ཡོང་བར་སྒུག ། 


ཁྲུང་ཁྲུང་ཡིན་ན་ལྷོ་རུ་འཕུར་ཆོག 

མཛའ་བ་སྙིང་གི་བུམ་པའི་སྟེང་དེ་ལ།། 
བརྩེ་ཆེན་རྨ་བྱའི་སྒྲོ་རྒྱན་འཛུགས་པ་ཡི།། 
ལྷ་གཅིག་ངག་དབང་ལྷ་མོས་ང་ཡི་སེམས།། 
འོད་གསལ་བདེ་བའི་མལ་དུ་ད་ཁྲིད་ཅིག ། 

བདག་ནི་འཇིག་རྟེན་སྒྱུ་མའི་བྱ་བྱེད་ཀྱིས།། 
སེམས་ཉིད་གཅོང་བའི་མིག་ཆུས་རྫི་མ་འཕྱང་།། 
སྙིང་འདི་ལྷག་མར་འཕྱོ་བའི་མཆོང་ལྡིང་གིས། ། 
དམར་བོའི་བྲང་ཁོག་བརྟོལ་ནས་འབྲོས་སྙམ་བྱེད། ། 

དེ་ཚེ་ཁྱོད་ཉིད་བདག་གི་སྒོ་རའི་ནང་། ། 
སྤང་རྒྱན་མེ་ཏོག་དཀར་བོར་སྤྲུལ་བ་འམ།། 
ཡང་ན་སྒེའུ་ཁུང་ཕྱི་ཡི་སྐར་མའི་དབུས། ། 
ལྷ་ཟླ་ལྟ་བུའི་ཞལ་རས་མཇལ་བར་ཤོག ། 

ནམ་ཞིག་གདོས་བཅས་རགས་པའི་ཕུང་བོ་འདི།། 
སྲིད་པའི་ཕྱག་དར་ཁྲོད་དུ་སྐྱུར་དགོས་ཀྱང་།། 
རྣམ་ཤེས་ལྷ་རྟ་བལ་དཀར་སྲུང་མདུད་ཅན། ། 
ཁྱོད་ཉིད་བསམ་སྟེ་འཚེར་སྐད་ལྷང་ངེར་ཡོང་།། 

འདི་ན་སྲིད་པའི་དགའ་སྡུག་མཚོ་མོའི་ནང་།། 
ཡིད་སྐྱོའི་ཀོ་གྲུ་གཏོང་མཚམས་མ་ཆོད་པར།། 
འདོད་དགུའི་རླུང་གི་ཁ་ཕྱོགས་འཚོལ་བའི་ང་།། 
འཁོར་བའི་མཚོ་གཏིང་ནོར་བུར་ཞེ་རེ་ཆགས།། 

དེའི་ཕྱིར་དགའ་དང་དུང་བའི་སེམས་འདུན་གྱིས།། 
བརྩེ་ལྡན་སུ་ལ་གཅེས་སུ་ལོས་འཛིན་ཏེ། ། 
ལྷག་པར་བློས་ཐུབ་བློ་ཡིས་མ་ཐོང་བའི།། 
གཏམ་རྒྱུས་མང་བོ་གླེགས་བམ་ཁྲོད་ན་བཞུགས།། 

ནམ་མཁའ་གཅིག་དང་ས་གཞི་གཅིག་གི་སྟེང་། ། 
ལས་སྨོན་སེམས་ཀྱི་མེ་ཏོག་བཏབ་མྱོང་བའི།། 
སྐལ་བཟང་གྲོགས་ཀྱི་འདང་བརྩེ་དྲོན་མོ་དེ།། 
ཤི་ཡང་མདངས་ལྡན་ཨུ་དམ་ཝ་ར་ཡིན། ། 

རབ་དཀར་ཡིད་ལ་སྙན་པོའི་ཚིག་གིས་རིས།། 
མི་ཤིགས་སྙིང་ལ་ཕྱག་རྒྱས་བཏབ་པ་ན།། 
ཕལ་ཆེར་འབྲལ་བ་དུས་ཀྱི་ཆོས་ཉིད་ཀྱང་།། 
བཟོད་མེད་ཤ་ལ་ཟུག་པའི་ཚེར་མ་འདྲ། ། 

སྟོན་ཟླ་ཚེས་ཤིང་ལྗོན་ལོ་གུད་མཐོང་ཚེ།། 
བྱིའུ་ཆུང་སྐྱོ་ནས་གཤོག་སྒྲོ་ལྷེམ་མེར་གཡོ།། 
འདི་བཞིན་ཆོས་ཉིད་རྒྱལ་མོས་བཀའ་ལུང་གི།། 
ལྕགས་ཀྱུས་ཐེབས་པ་སྲོག་ལྡན་སུ་ཡིས་བཟོད།། 

འཕྲལ་ལ་རྒྱང་གི་ཤར་ཕྱོགས་རི་སུལ་ནས།། 
གྲོགས་གང་གློ་བུར་ལྷགས་པའི་གྲིབ་མའི་གཟུགས།།
སྔོན་དུ་བཏང་སྟེ་དལ་བའི་གོམ་འགྲོས་ཀྱིས།། 
ཞོགས་པའི་བ་མོ་བཅོལ་བཞིན་བསླེབ་ན་སྙམ།། 

ད་དུང་རྫུ་བག་རྒོད་པའི་མིག་ཟུང་གིས།། 
མ་ཕོལ་ཟོལ་གྱིས་ལྟ་བའི་ཉམས་འགྱུར་ནི།། 
རྔོན་པར་འཇིགས་པའི་རི་དྭགས་མིག་མདངས་བཞིན།། 
ཡིད་འོང་གདོང་ལས་མེ་ཏོག་ལྟར་བཞད་དེ།། 

བཞི་བཅུའི་ཚེམས་དཀར་ཕྲེང་བར་ཅོ་འདྲི་བའི།། 
ཉི་ཤུའི་སོ་ཞོ་གཙང་མ་མངོན་པའི་ནང་། ། 
སྙན་འཇམ་ཚིག་གིས་འཚམ་བདེ་ཞུ་བའི་སྐབས།། 
མགྲིན་པ་བརྣངས་ཤིང་ངག་ཀྱང་འདར་ཡང་སྲིད། ། 

རྟོག་འཆར་དུང་གི་སྒྱུ་མའི་མེ་ལོང་ནང་།། 
རྣམ་རྟོག་རྫུན་པའི་རི་མོ་འབུམ་ཤོང་བ། ། 
བྲིས་ཀྱང་ཡིད་གདུང་ཆར་ཆུའི་སྣོན་མ་སྟེ།། 
མ་བྲིས་སྙིང་ན་འཁྱིལ་བའི་ཆུ་འཁྱག་ཡིན།། 

ལས་ཀྱི་བྱ་ཁྱུ་ལྷོ་མཐར་འཕུར་བའི་རྗེས།། 
གྲིབ་སོའི་འོག་གི་ཁེར་རྐྱང་བདག་ལ་བཞག ། 
དྲན་གདུང་མདུད་པ་ཐེབས་པའི་ལྗོན་ཤིང་རྩེར།། 
མཇལ་འཛོམས་རེ་བའི་ལོ་འབྲས་ནམ་ཞིག་ཐོགས།། 

མཛའ་བ་ཤིང་གི་ཡལ་གའི་འཐམ་འཁྱུད་ཀྱིས།། 
བཏང་ཡང་ཞེ་འགྱོད་མེད་པ་ཡིད་རེ་སྨོན། ། 
ང་ཡང་གཤོག་པས་ནམ་འཕང་གཅོག་ནུས་པའི།། 
ཁྲུང་ཁྲུང་ཡིན་ན་ལྷོ་རུ་འཕུར་ཆོག་གོ།། 


སྟོན་གྱི་སྙན་ཚིག་སྐལ་བཟང་ཟླ་བའི་མིག་སྐྱེམས། 


སྔོན་ནས་རྫོགས་པའི་བྱང་ཆུབ་ཐོབ་ན་ཡང་།། 
ད་དུང་སྙིང་རྗེ་ཕྱིར་མིག་ཟླ་བའི་རིས།། 
བདག་འདྲའི་ཡིད་ཀྱི་ནམ་མཁའ་གསལ་བའི་ཕྱིར།། 
དགྱེས་པའི་འཛུམ་དཀར་དགོད་པ་ཀུན་ཀྱང་བསྟོད།། 

ཤོག་དཀར་སྤྲིན་གྱི་ཡོལ་རས་དཔྱངས་པའི་ངོར།། 
སྙན་ཚིག་སྐར་མའི་ཡིག་ཆུང་སྐོར་འདོད་ཀྱང་།། 
སྲིད་པའི་གདུང་དབྱངས་འདི་རང་མཚོན་ཐུབ་པའི།། 
ཐ་སྙད་མཁའ་ཡི་མེ་ཏོག་རྗེས་སུ་ཆགས། ། 

ནམ་ཟླའི་སྨྲེང་སྐྱོ་མགུར་ལ་དྲངས་པ་ཡི། ། 
བྱིའུ་ཆུང་གཤོག་ཟུང་འདར་མ་འདར་གྱིས་ནི།། 
བག་དྲོའི་ཁོར་ཡུག་ནགས་ཀྱི་ལྗོན་ཤིང་རྩེར།། 
འཕུར་འདུན་མེད་ཀྱང་ལྕགས་ཀྱིས་བསྐུལ་བ་བཞིན།། 

སྟོན་གྱི་ལོ་མ་ཕྱེད་སེར་ཕྱེད་ཀ་ལྗང་། ། 
གཡར་བོའི་ལུས་ཀྱང་ཚེས་མཇུག་ཟླ་རྗེས་སྙེག ། 
ད་དུང་མི་ཚེ་རིང་ངམ་ཐུང་ངམ་ཞེས། ། 
སུར་འདྲི་དམ་པ་དག་ཀྱང་གདེང་མི་འདུག ། 

འོན་ཏེ་དཀར་བའི་ལས་མཐའི་མེ་ཏོག་འདི།། 
གངས་དཀར་རི་བོའི་འདབས་སུ་བཀྲག་སྒང་ལ།། 
མཛའ་གཅུགས་གཡང་དཀར་ལུ་གུ་འཚོ་འདོད་དེས།། 
སྣང་བའི་ཚིག་གི་འུར་ཆ་ངས་ཀྱང་བསྐོར། ། 

ཆུ་འཛིན་མགྲིན་ཆིངས་ཤད་པའི་ཟླ་བ་དེ།། 
གང་གི་ཞལ་འཛུམ་རབ་དཀར་མུ་ཏིག་བཞིན།། 
ཤར་ཀྱི་རྫ་རིའི་འགག་ནས་འཆར་མཐོང་ཚེ།། 
གནོན་མེད་ཡིད་སྐྱོའི་མཚོ་མོ་ལྷག་མར་འཕེལ།། 

དབྱར་ཟླ་དྲུག་པའི་ལང་ཚོ་འཇམ་པོ་དང་། ། 
མེ་ཏོག་ལྟ་བུའི་ཁྱོད་ཀྱི་བརྩེ་བའི་གོས།། 
མེད་པར་བདག་ནི་དབེན་པའི་བྲག་སྐྱིབས་སུ། ། 
རི་དྭགས་གྲོགས་སུ་ལྷག་འདི་བཟོད་ལགས་སམ། ། 

ལོ་དགུར་བསྒྲིལ་བའི་དུང་སེམས་ཐ་གུའི་སྣེར།། 
ཚེ་གང་བོར་བའི་གྲོགས་ཀྱི་དམ་ཚིག་དེས།། 
སེམས་འགྱུའི་རླུང་བུ་ཟིན་ཐབས་མེད་ན་ཡང་།། 
དགའ་གདུང་སྙིང་གི་མགུལ་ཆིངས་བྱས་ལོས་ཆོག ། 

དམར་ཆུང་སྲོག་གི་རྩིས་ཐང་ཡོད་བཞིན་དུ།། 
སེམས་ནང་གསེར་གྱི་བུམ་པ་གཅག་དགོས་ན།། 
ཞེ་འགྱོད་འདི་ཡི་རིན་ཐང་རྟོགས་པ་ཡི།། 
མཆི་མ་མི་ལྷུང་སྲོག་ལྡན་སུ་ཞིག་ཡོད།། 

བྱས་མེད་ལས་ཀྱིས་མི་སེམས་ཤེའུ་ཆུང་ལུས།། 
དབང་མེད་གདུང་བ་སྒྱུ་མའི་ཆོས་ཅན་ཏེ།། 
སྤྱིར་ཡང་མཛའ་བརྩེ་རྒྱ་སྟག་ཐིག་ལེ་ཅན།། 
ལས་རྔོན་མདའ་རྩེར་བརྒྱུས་པའི་གཏམ་རྒྱུས་མང་།། 

འབྱོར་བའི་བསླུ་བྲིད་གཡོན་མའི་མིག་འཛུམ་རྒྱ།། 
ཁྱོད་གཤིས་རྡོ་རྗེ་མཚོན་གྱིས་འབྲེག་མོད་ཀྱི། ། 
མི་བརྟན་ལས་ཀྱི་གཡོར་གྲུ་སྐྱོམ་པ་ཡི།། 
བཤོལ་མེད་མཚོ་རླུང་རྒྱུ་བར་ཁག་ཀྱང་མེད།། 

བྱམས་བརྩེ་ནམ་མཁའི་ཕྱེད་ཀ་འདྲ་བའི་འོག ། 
སྙིང་རྗེའི་འཛུམདཀར་བདག་ལ་ཕྱོགས་པའི་ཁྱོད།། 
མ་ཤི་བརྩེ་བའི་སེམས་པ་དཀར་དཀར་དང་།། 
ཤི་ཡང་དུང་བའི་རུས་པ་དཀར་དཀར་ཡིན།། 

སྟོན་ཟླ་བརྒྱད་པའི་ཉ་གང་ཟླ་བ་དང་།། 
མཛེས་པའི་བཞིན་དཔལ་མཚུངས་པའི་ཡིད་གཅུགས་གྲོགས།། 
རི་ཆུ་བྱེ་བས་བར་ཆད་གཏོང་ན་ཡང་།། 
ཟླ་འོད་འདི་ཡིས་འཛམ་གླིང་གཞོགས་གཅིག་ཁེབས།། 

སྒོ་རའི་མེ་ཏོག་བ་མོས་བཅོམ་ན་ཡང་།། 
བཅོ་ལྔའི་ཟླ་རྒྱས་འཛུམ་དཔལ་སྔར་ལས་སྒོར།། 
ཁྱོས་ཀྱང་རང་གི་ནམ་མཁའ་ཡུག་གཅིག་ངོར། ། 
སྟོན་ཟླའི་དཔལ་ལ་རོལ་པ་བདག་གིས་ཤེས། ། 

སླར་ཡང་ཁྲུང་ཁྱུའི་གཤོག་རྡང་ལྷོ་ལ་བརྐྱངས།། 
མཚོ་དང་ངང་བའི་འཛོམས་སྐལ་ལས་ཀྱིས་ཕྱེས།། 
དེང་མའི་མཛའ་དུང་སྟོན་ལོ་འཐོར་སྲིད་ཀྱང་།། 
སྐལ་བཟང་ཟླ་བའི་ཞལ་འཇམ་ཡོང་བར་སྒུག ། 


རྗེའི་བསྟོད་པ་ཙན་དན་དཀར་བོའི་དྲི་བསུང་ཞེས་བྱ་བ།

  
ཨོཾ་སྭ་སྟི་སིདྡྷཾ།
བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།
 
 ཡེ་ཤེས་འོད་ཀྱི་མདངས་ལྡན་བཞིན་རས་ལ།།
རྒྱལ་ཀུན་མཁྱེན་རབ་མང་འདུས་ཚོན་གྱིས་སྤུད། །
རིག་བྱེད་ཚེམས་ཕྲེང་བསྟར་བའི་བིམྤའི་མཆུས། །
བདག་བློའི་རོ་འཛིན་འདབ་མ་བརླན་པར་མཛོད། །

སྤྲོས་བྲལ་ཆོས་སྐུའི་བསིལ་ཟེར་འཛུམ་པའི་མདངས། །
མཐོང་བས་ཡིད་ཀྱི་ཀུན་དའི་བཞིན་རས་ལ། །
མཚོན་མེད་དད་པའི་ཟླ་རིས་ཆེར་རྒྱས་པས། །
བསྟོད་ཚིག་འདབ་མའི་ཕྲེང་བ་ཕྱག་ཏུ་བསྟར།།
 
མི་ལོ་དྲུག་བརྒྱའི་སྔོན་གྱི་གླེགས་བམ་ལས།།
ཁྱེད་གསུང་བརྩིའི་འོད་དཀར་རེག་པ་ཡིས།།
བདག་བློ་དགའ་བའི་པད་འདབ་རྒྱས་མཐོང་ནས།།
དྲན་དབང་འབུམ་སྡེའི་སྤྱན་གྱི་བུང་བས་རོལ།།
 
རྒྱལ་ཀུན་ཡབ་གཅིག་མཁྱེན་པའི་གཏེར་མཆོག་འཇམ་དཔལ་དབྱངས་ནི་ཁྱོད་ཡིན་ཏེ།།
ཙོང་ཡུལ་གསེར་ལྗོན་འདར་བའི་ཚལ་དུ་གཟུགས་སྐུའི་སྟོན་ཟླ་ཅི་ཡང་ཤར།།
ཐ་མལ་སྣང་ངོར་བྱིས་པའི་ཟོལ་གྱིས་ཡང་ཡང་དགའ་བའི་འཛུམ་བྱིན་པས།  
ཡབ་ཡུམ་དངུལ་དཀར་ཞུན་མའི་རྒྱ་མཚོ་དབང་མེད་ལན་གསུམ་འཕྱུར་དགོས་བྱུང་།།
 
དད་དུང་མཚམས་སྤྲིན་འཕྱུར་བའི་རླབས་རྩེ་རུ།།
དབང་ཕྱོགས་ཉི་བརྒྱའི་འོད་སྣང་རྙིང་བྱེད་པའི། །
འཇམ་དབྱངས་མི་ཡི་གར་དུ་རོལ་བའི་རྗེ། །
གང་སྐུའི་ཞབས་རྡུལ་སྐྲ་ཡི་རྒྱན་དུ་ལེན། །
 
དགའ་བ་གདོང་དུ་དམར་སེར་མཚམས་སྤྲིན་གྱིས།།
གསེར་གྱི་ལྷུན་པོ་ཀུན་ནས་འཁྱུད་པ་བཞིན།།
འཇམ་པའི་དབྱངས་ཀྱིས་མངོན་སུམ་གཟིགས་པ་དང་།།
རྗེས་བཟུང་བྱིན་གྱིས་རླབས་པ་ཁྱོད་ལ་འདུད། །
 
ཆགས་བྲལ་ལྷ་ཡི་དབང་མོ་དབྱངས་ཅན་མ།།
བརྩེ་ཆེན་ཆུ་གཏེར་རླབས་ཀྱིས་དཀྲོགས་བྱེད་ན། །
མི་རྟོག་ཡེ་ཤེས་གར་སྒྱུར་འཇམ་དབྱངས་ལྷས།།
ཁྱོད་ལ་ཁྲོས་པའི་སྡང་མིག་མི་ལྟ་འམ། ། 
 
རྒྱལ་བ་བྱེ་བའི་མཁྱེན་རབ་ཁ་བའི་རྡུལ། །
གཅིག་ཏུ་བརྩེགས་པའི་རྣམ་དཔྱོད་གངས་རིའི་སྤོ།།
ཞོ་འཐུང་རུས་པའི་རྩེ་བརྒྱ་ལས་རྣོ་ཞེས།།
ཨེ་མ་སྲིད་པའི་ཁྱོན་ལས་ཤིན་ཏུ་བརྒལ། །
 
སྲིད་གསུམ་རིག་བྱེད་གཱངྒའི་ཆབ་ཀྱི་རྒྱུན། །
ཧུབ་ཀྱིས་འདྲེན་པའི་ཤེས་རབ་ཛཿཧུའི་ལྟོ། །
སྤང་རྟོགས་ཡོན་ཏན་ཁུར་གྱིས་རབ་ལྕི་བས།།
འཛམ་བུའི་རྒྱལ་མཚན་ཅན་དེའི་བྱིན་ཤ་འདར།།
 
དལ་འགྲོའི་གཤིས་དང་ཤིན་ཏུ་འགྲོགས་པའི་དུས་ཀྱི་བུ་མོ་མིག་ཡངས་མས།།
ཟླ་རྒྱས་འཐུང་བའི་རྒྱ་མཚོའི་ལྟོ་བཞིན་ལང་ཚོའི་གཞོན་ནུ་ཉེ་བར་སླེབས། །
ཐུབ་པའི་དྲུང་དུ་ཤེལ་དཀར་ཕྲེང་བ་ལུང་དུ་བསྔགས་པའི་སེ་མོ་དོ། །
ཡིད་འཕྲོག་མཚན་དཔེའི་མགུལ་དུ་འཕྱང་སྟེ་རྨད་བྱུང་མཛད་པའི་སྒོ་མོ་ཕྱེས།།
 
གང་གི་བཀའ་བཞིན་སྲིད་པའི་ཕུན་ཚོགས་གཟུགས།
མཆིལ་མའི་ཐལ་བ་བཞིན་དུ་རིང་སྤངས་ནས།།
དབེན་པའི་གནས་སུ་རི་དྭགས་བསེ་རུ་བཞིན།།
ཚེ་གཅིག་སྒྲུབ་ལ་བརྩོན་པ་ཁྱོད་ལ་འདུད།།
 
ཞི་གནས་ལྷག་མཐོང་ཟུང་དུ་མ་འབྲེལ་ན།།
ཏིང་འཛིན་དགའ་མའི་རང་ཞལ་ཕྲད་དཀའ་ཞེས། །
དཔལ་ལྡན་འཇིགས་མཛད་མངོན་སུམ་གཟིགས་བཞིན་དུ།།
ཆག་མེད་བདག་འཇུག་མཛད་པ་འདི་ཡང་མཚར།།
 
ཁྱོད་ཐུགས་མཐོན་མཐིང་ལྷ་ཡི་ལམ་ཡངས་ལས།།
མདོ་སྔགས་ཉི་ཟླའི་འོད་སྟོང་བཀྱེད་པའི་གཟི། །
འགྲན་པར་མ་བཟོད་འགྲོ་བའི་སྒྲོན་མེས་ཡང་། །
ཐུན་མཚམས་མེ་ལྕེའི་ཀློང་དུ་རང་སྲོག་བོར། །
 
འདི་སྣང་སྒེག་མོའི་སྨིན་ལྕུག་འདར་བ་ལས། །
ཆོས་བརྒྱད་ཟུར་གྱི་མདའ་མོ་བར་མེད་འཕེན། །
ཡིན་ཡང་ཁྱོད་ཐུགས་བརྟན་པའི་གོ་ཆ་ལ། །
ཕོག་པའི་ཤུལ་གྱིས་སྟོང་བར་སུ་མི་མཚར། །
 
སྲིད་རྩའི་ལྗོན་པར་བདག་འཛིན་བྲང་འགྲོའི་རྒྱ། །
བཏབ་ཚེ་ཤེས་རབ་རལ་གྲི་ཆེར་གདེངས་ཏེ།།
ཐར་བའི་དགྲ་སྡེའི་སྙིང་རྩ་འདར་བྱས་པས། །
དཔའ་བོ་འགའ་ཞིག་རང་གི་མལ་ལས་དངངས།།
 
འཇམ་དབྱངས་ལྷ་ཡིས་གཙུག་གི་རྒྱན་དོར་མི་ཡི་ཟོལ་དུ་ཞུགས་པ་དང་།།
ཐུགས་སྐྱེད་རྒྱ་སེ་མེ་ཏོག་སར་བ་གངས་རིའི་ཁྲོད་དུ་ཚུགས་པའི་ཕྱིར།།
མདོ་སྨད་ཙོང་ཁའི་དབང་ཕྱོགས་རི་ལས་གསེར་གྱི་ཉི་གཞོན་ལྟར་བབ་ཚེ།།
འགྲོ་ཀུན་མྱོས་པའི་རྩེ་དགའ་འབུམ་གྱིས་ལག་པའི་པདྨོར་མེ་ཏོག་གད། །
 
ལོ་ཟླའི་ཕྲེང་རྡོག་སེན་མོས་འདེད་ཞོར་དུ།།
ཕུགས་འདུན་བརྒྱ་དཔོན་འཚོལ་བའི་ཙོང་ཁ་བས། །
ཡུམ་ཆེན་སྐྲ་ལོ་ཉག་གཅིག་གཟིགས་པ་ཡིས།།
སྤྱན་ཆབ་མཁྲིག་མས་བསལ་བ་ལོས་ཀྱང་ཡིན།།
 
ལྷོ་བྲག་ཡུལ་དུ་མཁན་ཆེན་ལས་རྡོར་གྱིས།།
ཕྱག་ན་རྡོ་རྗེའི་སྙན་རྒྱུད་གདམས་ངག་དང་།།
ཟབ་ཆོས་བདུད་རྩི་མངོན་མེད་བསྩལ་བ་ན།།
ཡི་དམ་ལྷས་ཀྱང་གཟིགས་ཤིང་ཐུགས་སྨོན་ཤོར།།
 
དབང་བོས་མིག་སྟོང་བསྐལ་བར་བགྲད་བྱས་ཀྱང་། །
མ་མཐོང་སྲིད་ཞིའི་དཀྱིལ་འཁོར་ཡངས་པའི་མཐའ། །
ཁྱེད་བློ་ཉི་གཞོན་ལྕགས་ཀྱུས་ཉེར་བཏབ་ཚེ། །
གཟི་ལྡན་ཕལ་ཆེར་རང་ལ་ཡིད་ཆད་བྱུང་། །
 
རྒྱལ་བསྟན་གངས་ཀྱི་སྤོ་ལ་སེང་གེ་བཞིན།།
འགྱིང་བའི་ཁམས་རློམ་ཝ་སྐྱེས་ཀླད་པ་འགེམས།།
སྲིད་དང་ཞི་བའི་ཕ་རོལ་མི་མཐོང་ན། །
བརྒྱ་བྱིན་མིག་སྟོང་ལྡན་ཡང་ལོང་བ་ཉིད། །
 
བགྲང་བྲལ་རྒྱལ་བའི་རིང་ལུགས་དྲི་མེད་པ།།
ཇི་བཞིན་འགྲེལ་མཛད་འཛམ་གླིང་རྒྱན་གྱི་མཆོག།
ཁྱོད་མཐོང་མཁས་པའི་དྲེགས་པ་ན་དར་བའི། །
བསྟན་འཛིན་འགའ་ཞིག་དབེན་པའི་རི་ལ་འཛེག །
 
སྔོན་མེད་ལེགས་བཤད་བདུད་རྩིའི་དྲི་ངད་ཐུལ་ཐུལ་འཇོ་ལ་ཆེས་ཆེར་མཁས།།
མཁས་དགུའི་ཡིད་ནི་འཆིང་བྱེད་མེད་པར་བཅིངས་སོ་ཞེས་པའི་གཏམ་ཡང་གྲགས།།
གྲགས་སྐད་འོ་མའི་རླབས་ཕྲེང་འཕྱོ་བས་མནྡ་ར་ཡི་དབུ་འཕང་མཛེས། །
མཛེས་པའི་དཀྱིལ་འཁོར་ཁྱོན་ནས་རྫོགས་པས་ཤར་གྱི་ཐིག་ལེའི་ཁེངས་པ་འཕྲོགས། །
 
བྱང་སེམས་ལྟ་བའི་རྐང་འཐུང་རྒྱས་པའི་ཚལ། །
གང་ཞིག་བསྟེན་ན་དགེ་ལེགས་བསིལ་བའི་དཔལ། །
སྟེར་བའི་འཇམ་མགོན་ལྷ་ཡི་བླ་མ་ལ། །
གུས་པས་འདུད་དོ་བརྩེ་བས་སྐྱོངས་པར་མཛོད།།
 
གང་གི་འཆད་རྩོད་རྩོམ་པའི་ཡོན་ཏན་གྱི། །
དཔེར་ཟླར་འོས་པ་འཚོལ་ཕྱིར་ཉི་ཟླ་ཟུང་། །
མཁའ་ལས་ངལ་ཏེ་འགྲོས་མཚམས་གཞག་པ་ན།།
འཇིག་རྟེན་མུན་པ་སེལ་མཁན་གཞན་དེ་སུ། །
 
འོ་མའི་ཆུ་གཏེར་རབ་ཏུ་འཕྱོ་བའི་རྩེར། །
དྲི་མེད་པདྨའི་གདན་ལ་འགྱིང་བག་གིས། །
བཻཌཱུའི་ཕང་འགྲོ་འཁྲོལ་བའི་ཚངས་སྲས་ཀྱང་།།
ཁྱེད་མཐོང་རེ་ཞིག་ཧད་དེ་ཟུར་གྱིས་བལྟ། །
 
རྟེན་ཅིང་འབྲེལ་འབྱུང་ལྟ་བའི་བཀྐུལའི། །
མེ་ཏོག་ཉིན་བྱེད་སྣང་བས་ཕྱེ་མིན་ཡང་། །
ཁྱེད་བློ་སྐེད་མེད་མཆུ་ཡི་ཟེགས་མའི་རྡུལ།།
འཐོར་ཚེ་འདར་ཡོམ་བྱེད་དེར་ཁག་ཅི་ཡོད།།
 
མཁྱེན་རབ་སྒེག་མོའི་རྐང་གདུབ་ལས་འོང་བའི།།
གསུང་རབ་སིལ་སིལ་སྒྲ་ཡི་དབྱངས་སྙན་གྱིས། །
ཡིད་ཀྱི་མྱ་ངན་ཤིང་ལ་རེག་པའི་མོད།།
དད་བའི་འདབ་མར་དགའ་བའི་ཁུར་འདི་ལྕི། །
 
ཟུར་ཕུད་ལྔ་ཡི་དབུ་རྒྱན་སེར་བོ་ཐུབ་པའི་དྲུང་དུ་དོར་བ་ན།།
ཤེལ་དཀར་ཕྲེང་བ་ཕྱག་ཏུ་ཕུལ་ནས་བཀའ་ཡིས་ཡང་ཡང་གདམས་པ་ཡི།།
ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཆེན་པོ་ཤར་ཕྱོགས་བླ་མ་ཙོང་ཁ་བའི། །
སྙན་གྲགས་ཨུཏྤལ་དོ་ཤལ་སྔོན་པོ་དབྱིག་འཛིན་སྒེག་མོའི་རྣ་བར་མཛེས།།
 
གང་གི་ཡོན་ཏན་གངས་ཀྱི་རི་དབང་ལས། །
ཁ་བའི་རྡུལ་ཙམ་སྨྱུ་གུའི་རྩེར་བླངས་ཏེ།།
མཛེས་པའི་ཚིག་གི་རྒྱན་ལ་དྲངས་པ་འདིས། །
འདི་དང་ཕྱི་མའི་ལེགས་ཚོགས་འཕེལ་གྱུར་ཅིག །
 
སྙན་ངག་འོ་མཚོ་ཡང་ཡང་བསྲུབས་པའི་སྙིང་། །
ཚིག་ཕྲེང་ཝུ་བའི་མེ་ཏོག་གར་མཁན་མ། །
གནས་སྐབས་འདི་ནས་འཁྱུག་མཚམས་འཇོག་པའི་མོད།།
ད་དུང་ལག་པའི་པིར་སྨྱུག་འདར་བར་བྱེད། །
 

 གསལ་བཤད།  

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་རྩོམ་འབྲི་བ་དག་ལ་དམིགས་ནས་ད་རེ་ཆེད་དུ་གཟའ་འཁོར་རེའི་ནང་དུ་རང་རེའི་དྲ་བར་མཐར་ཕྱིན་སློབ་མའི་རྩོམ་ཡིག་ཆེད་བཀོད་ཀྱི་ལེའུ་ཚན་ཞིག་བཀོད་སྒྲིག་ཞུས་ཡོད་པས་མཐར་ཕྱིན་རྩོམ་ལ་དགའ་བ་དག་གིས་སློབ་ཚོགས་གཞུང་ལས་ཁང་དུ་རང་རང་གི་རྩོམ་ཡིག་བསྐུར་རོགས་ཞུ།   སློབ་ཚོགས་གཞུང་ལས་ཁང་གི་ཁ་པར་ཨང་གྲངས།  (0975) 838 9857    སྐད་འཕྲིན། 15109745084

ཙོ་སྒྲུབ་ལས་ཁུངས།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་གཞུང་ལས་ཁང་།  


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-05-13 ལྟ་ཀློག (24085)