༡ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།

༄༅།། ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པ་ལས་བྱུང་བའི་མྱོང་ཚོར་པད་དཀར་འཕྲེང་མཛེས།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

  དང་བོ། གླེང་བསླངས་པ།     

    དཔེ་ཆར་བལྟ་དགོས་པར་མ་ཟད་དཔེ་ཆ་བཟང་བོ་ལ་བལྟ་དགོས། ནང་དོན་ལེགས་པའི་དཔེ་ཆ་བཟང་བོ་ལ་བལྟས་ན་ལྟ་བ་བོ་དེའི་སེམས་དང་བསམ་བློ་ཆུ་དྭངས་མོ་ལྟར་ཇེ་བཟང་ཇེ་གཙང་དུ་འགྲོ་ལ། ལྟ་རྒྱ་མཐོང་རྒྱ་ཇེ་ཆེར་འགྲོ་བར་མ་ཟད་སྡུག་དང་འཕྲད་ན་སྡུག་བསྔལ་ཇི་ལྟར་སེལ་ཚུལ་དང་། སྐྱིད་པར་འདོད་ན་བདེ་སྐྱིད་ཇི་ལྟར་བསྐྲུན་ཚུལ་གྱི་ཐབས་ཤེས་ཀྱང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བས། དཔེ་ཆ་བཟང་བོ་ལ་བལྟས་ན་མི་ཚེ་གང་བོར་ཕན་པ་ཡོད་དོ།།   

    ཀ་ངོ་ཡིག་ཅིག་གཏན་མི་ཤེས་ཤིང་ཅི་ཡང་བསླབ་མ་མྱོང་བའི་ཡིག་རྨོངས་པ་ཞིག་ལས། ངེས་པར་སློབ་གྲྭར་ཡུན་རིང་འགྲིམས་ཤིང་ཡིག་རིགས་མང་བོ་ཤེས་པའི་མི་དེ་རང་གཞན་དང་སྤྱི་ཚོགས་ལ་ཕན་ཐོགས་ཐུབ་མཁན་ཞིག་ཏུ་ཐག་གཅོད་ག་ལ་ནུས་ཏེ། རང་གིས་གང་བསླབ་དང་གང་ཤེས་ཐམས་ཅད་གཞན་ལ་གནོད་བྱེད་ཀྱི་ལག་ཆ་འབའ་ཞིག་ཏུ་བཀོལ་མཁན་ཡང་ཡོན་ཏན་བསླབ་མྱོང་བའི་གྲས་ན་ལྷག་པར་མང་ལ། དངོས་སུ་གཞན་ལ་གནོད་པ་འབའ་ཞིག་བྱས་ན་བརྒྱུད་ནས་རང་ལ་གནོད་འཚེ་འབའ་ཞིག་གི་རྒྱུར་འགྱུར་བའི་གནས་ལུགས་ཀྱང་རྟོག་ལྡན་གྱིས་རྟོགས་པར་མི་དཀའོ།། དེའི་ཕྱིར་དཔེ་ཆར་ལྟ་བ་ཙམ་གྱིས་མི་ཆོག་པར་དཔེ་ཆ་བཟང་བོ་ལ་བལྟ་དགོས་ཞེས་དམིགས་རྒྱ་བསྲིངས་ནས་བཤད་པ་ཡིན་ནོ།།    

    དེ་ཡང་མི་ཚེ་ནི་བགྲོད་ལམ་ཞིག་དང་འདྲ་ལ། ལམ་དེར་ཞུགས་ནས་རི་ཀླུང་ནགས་གསུམ་སོགས་ཡུལ་ལྗོངས་གང་ཡོད་རང་གི་མིག་གིས་མཐོང་བ་ཙམ་གྱིས་དེ་དག་གི་གསང་བ་ཤེས་དཀའ་བས་དེ་དག་ལ་ཆ་རྒྱུས་ཡོད་པའི་མི་ལ་སྐད་ཆ་དྲིས་ན་གང་མཐོང་ལ་ལྷག་པར་ཡང་རིན་ཐང་ཡོད་པར་འགྱུར་རོ།། དེས་ན་རང་ཅག་མི་ཚེའི་ལམ་འཕྲང་འདིར་ཞུགས་ནས་འགྲོ་དུས་བདེ་སྡུག་དེ་ཇི་ལྟར་འབྱུང་ཚུལ་དང་། དེའི་རྒྱུ་ཅི་ཞིག་ཡིན་པ་དང་། དེ་ཇི་ལྟར་སེལ་ཚུལ་སོགས་ཐབས་ཇུས་མང་བོ་ཞིག་དམ་པའི་ལེགས་བཤད་རྣམས་སུ་ལེགས་པར་བསྟན་ཡོད་པས། རང་གི་ཆུ་བུར་གྱི་མིག་ཙམ་ལ་བརྟེན་ནས་མཐོང་མི་ཐུབ་པ་མང་བོ་ཞིག་རྒྱང་མཐོང་ལ་བརྟེན་ན་མཐོང་ཐུབ་པ་ལྟར་རྒྱང་མཐོང་ལྟ་བུའི་དམ་པའི་ལེགས་ཀྱི་དཔེ་ཆ་ལ་བལྟ་དགོས། མིག་ཡོད་ཀྱང་མུན་ཁྲོད་དུ་ལམ་ལ་བགྲོད་དཀའ་ཡང་སྒྲོན་མེ་བཏེགས་ནས་སོང་ན་གང་དུ་བགྲོད་པའི་ཡུལ་དེར་བདེ་བླག་ཏུ་ཕྱིན་པ་ལ་ཕན་པ་ཤིན་ཏུ་ཆེ་བ་ལྟར་ལེགས་ཉེས་བླང་དོར་གསལ་བྱེད་ཀྱི་སྒྲོན་མེ་དང་འདྲ་བའི་དམ་པའི་ལེགས་བཤད་ཀྱི་དཔེ་ཆར་བལྟ་དགོས།    

    དེས་ན་དཔེ་ཆ་ནི་མིའི་རིགས་འདི་མདུན་བསྐྱོད་བྱེད་པའི་ཐེམ་སྐས་ལྟ་བུ་ཡིན་པས་མི་ཞིག་ཡིན་ན་དཔེ་ཆར་བལྟ་རྒྱུ་ཧ་ཅང་གལ་ཆར་བར་མ་ཟད། གོང་དུ་བཤད་པ་ལྟར་དཔེ་ཆ་བཟང་བོ་ལ་བལྟ་རྒྱུ་ནི་དེ་ལས་ཀྱང་གལ་ཆེ་ལ། བལྟས་པ་ཙམ་དུ་མ་ཟད་དཔེ་ཆ་ལ་བལྟ་ཤེས་རྒྱུ་ནི་ལྷག་པར་ཡང་གལ་ཆེའོ།། དྲང་མོར་བཤད་ན། ང་དང་ང་ལྟ་བུའི་མི་མང་བོ་ཞིག་གིས་དཔེ་ཆར་ལྟ་ཁུལ་བྱས་ཀྱང་དེ་ཙམ་ལྟ་ཤེས་ཀྱིན་མི་འདུག་སྙམ་སྟེ། དཔེ་ཆའི་ནང་དུ་ཡོད་པའི་མི་ཚེ་དང་འབྲེལ་བའི་གདམས་ངག་མང་བོ་ཞིག་རང་གིས་མ་ལོན་པར་མ་ཟད། གདམས་ངག་གི་མཛོད་དུ་གྱུར་བའི་དམ་པའི་ལེགས་བཤད་ཀྱི་དཔེ་ཆ་ལ་མུན་ནག་མདའ་འཕེན་ལྟར་དགག་པ་བྱེད་པར་བྲེལ་བས་སོ།།     

    དཔེར་ན་ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་ལྟ་བུ་ལ་མཚོན་ན། དེའི་ནང་དུ་ཡ་མཚན་པའི་ལེགས་བཤད་དང་གདམས་ངག་སོགས་གོ་རྒྱུ་ཧ་ཅང་མང་བོ་ཡོད་ཀྱང་། རང་ཅག་གིས་ཅི་ཡང་མ་གོ་བར་དཔེ་དོན་གཉིས་ལས་དཔེ་ཙམ་གྱི་སྟེང་ནས་འཁྲུལ་ཞིང་ལུས་ནས་དེ་ཙམ་གཙོ་བོར་བཟུང་བར་མ་ཟད། བརྗོད་དོན་དངོས་གནས་དེ་གཏན་མ་གོ་བར་འདུག་པས་སོ།། དེས་ན་ངས་གཤམ་དུ་ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པ་ལས་བྱུང་བའི་མྱོང་ཚོར་ཞེས་པ་འདི་ཆོས་མཐུན་སྐལ་མཉམ་གྱི་གྲོགས་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་བར་འདོད་པས་གཟིགས་པར་འཚལ།     

 

༼༡༽ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་རྩོམ་པ་བོའི་ངོ་སྤྲོད་མདོར་བསྡུས།

       

    ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་(西游记)ཞེས་པ་ནི་ཐང་གུར་གྱི་སྡེ་སྣོད་གསུམ་པ་སློབ་དཔོན་རྨད་བྱུང་གཟི་བརྗིད་དམ་ཡོངས་གྲགས་སུ་ཐང་སན་བླ་མ་ཞེས་པ་དེ་ཉིད་རྒྱ་ཡུལ་གྱི་བསྟན་འགྲོའི་དོན་དུ་དཀའ་བ་དང་འཇིགས་པ་བརྒྱ་ཕྲག་དུ་མ་ཁྱད་དུ་བསད་དེ་དམ་པ་ཆོས་ཀྱི་འབྱུང་ཁུངས་ནུབ་ཕྱོགས་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་པའི་གནས་ཚུལ་ངོ་མ་ཞིག་ཡོད་པ་དེ་སྒྲུང་གི་རྣམ་པར་བྱས་ནས་བྲིས་པ་ཞིག་སྟེ། རྒྱའི་གནའ་བོའི་བརྩམས་སྒྲུང་གྲགས་ཅན་བཞིའི་ནང་གི་གཅིག་རེད། བརྩམས་སྒྲུང་གྲགས་ཅན་བཞི་(中国四大名著)ཞེས་པ་ནི། ཡོན་གུར་གྱི་མཇུག་དང་མིང་གུར་གྱི་སྟོད་ཙམ་ལ་བྱུང་བའི་རྒྱའི་རྩོམ་པ་བོ་གྲགས་ཅན་ཧྲི་ནེ་ཨན(施耐庵)གྱིས་བྲིས་པའི་ཆུ་ངོགས་གཏམ་རྒྱུད་(水浒传)དང་། ལིའོ་བཀྭན་ཀྲུང་(罗贯中)གིས་བརྩམས་པའི་རྒྱལ་ཁབ་གསུམ་《三国演义》གྱི་གཏམ་རྒྱུད་དང་། ཚོ་ཞུའོ་ཆིན་(曹雪芹)གྱིས་བརྩམས་པའི་ཐོག་ཁང་དམར་བོའི་རྨི་ལམ་(红楼梦)དང་། ཝུ་ཁྲིན་ཨུན་(吴承恩)གྱིས་བརྩམས་པའི་ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་(西游记)ཞེས་པ་འདི་དང་བཞིའོ།།

    སྒྲུང་འདི་རྩོམ་པ་བོ་ཝུ་ཁྲིན་ཨུན་(吴承恩)ནི་སྤྱི་ལོ་1504ནས་1582ལོའི་བར་དུ་འཚོ་ཞིང་གཞེས་པའི་མི་ཞིག་ཡིན་ལ། སྔོན་དུས་དཔེད་ཨན་ཧྥུ་ཧྲན་ཡཱང་རྫོང(淮南府山阳县)་དུ་འབོད་པ་དེང་སང་གི་ཀྲེ་ཅང་ཞིང་ཆེན་དཔེད་ཨན་གྲོང་ཁྱེར་ཁྲུ་ཀྲུའུ་ས་ཁུལ་(今江苏省淮安市楚州区)་དུ་སྐྱེས་པ་ཞིག་ཡིན་ནོ།། ཁོང་ལ་བརྩམས་ཆོས་མང་བོ་ཡོད་པར་གྲགས་ཀྱང་ཁྱིམ་ཚང་དབུལ་ཞིང་ཆ་རྐྱེན་མེད་པ་དང་བུ་བུ་མོའང་མེད་པས་བདག་ཉར་མ་འཁྱོངས་པས་མང་ཆེ་ཤས་འབྱུང་བ་ས་རྡོ་ལ་ཐིམ་པར་གྲགས་སོ།། 

    སྤྱིར་ཁོང་གི་ཁྱིམ་བརྒྱུད་ཡར་དེད་ནས་བཤད་ན་རིམ་པ་དམའ་ཤས་སུ་གྱུར་བའི་དཔོན་པོ་ཞིག་དཔོན་ས་ཤོར་ཏེ་ཚོང་བར་གྱུར་བ་ཞིག་དང་། ཚོང་ལས་ཀྱང་དེ་ཙམ་མ་བྲིན་པས་དབུལ་ཞིང་ཕོངས་པའི་ཁྱིམ་ཚང་ཞིག་ཡིན་པར་ཐོས་སོ།། ཡིན་ནའང་ཁོང་གི་ཨ་ཕ་ཝུ་རུས་(吴锐)ཞེས་པ་རང་བཞིན་དྲང་ཞིང་བློ་ཁོག་ཡངས་ལ་སྤྲོ་སྣང་ལྡན་ཅིང་། མཚན་ཉིད་རིག་པའི་གཞུང་ལ་དགའ་བ་ཞིག་ཡིན་པར་གྲགས་སོ།། ཕས་རང་གི་བུའི་དངོས་མིང་ལ་ཁྲིན་ཨུན་(承恩)དང་། མཚོན་བྱེེད་ཀྱི་ཡི་གེ་ལ་རུའུ་ཀྲུང་(汝忠)དུ་བཏགས། དེས་ནི་སློབ་གཉེར་ལ་འབད་ཅིང་ཡོན་ཏན་སློབ་དུ་བཅུག་ནས་དཔོན་ས་ཞིག་རེག་ན་སྙམ་པའི་རེ་བ་མཚོན་ཞིང་། ཡར་གོང་མའི་བཀའ་དྲིན་གཟོ་བ་དང་། མར་འབངས་མི་བྱམས་ཀྱིས་་སྐྱོང་(上承皇恩,下泽黎民)མཁན་ཞིག་ཏུ་གྱུར་ནས་མིའི་རིགས་ཀྱི་ལོ་རྒྱུས་ཡིག་ཚང་ལ་མཚན་སྙན་འཇོག་ཐུབ་པའི་བློ་དཀར་གཞུང་དྲང་ཅན་གྱི་བློན་པོ་ཞིག་ཏུ་འགྱུར་བའི་རེ་བ་བཅོལ་བ་རེད། 

    ཡིན་ནའང་ལས་དབང་ཟེར་བ་ཞིག་ཡོད་པར་ཁས་བླངས་མ་བླངས་ལ་ལྟོས་པ་མེད་པར་ཇི་ལྟར་བསམ་པ་བཞིན་འབྱུང་དུ་མི་སྟེར་བའི་གསང་བ་བཤད་མི་ཤེས་པ་ཞིག་ཡོད་པ་ཡིན་པས། འབད་ཀྱང་དཔོན་ས་ཆེན་པོ་རང་མ་རེག་པར་ཀྲེ་ཅང་ཁྲང་ཞིན་གྱི་རྫོང་དཔོན་ཆུང་ཆུང་ཞིག་གི་འགན་ཁུར་མཁན་ཙམ་དུ་གྱུར། སྟབས་མ་ལེགས་པ་ཞིག་ནི་སྐབས་དེར་ཡུལ་དེ་ཕྱོགས་སུ་ཐན་པ་ཡ་ང་བ་བྱུང་བས་ས་ཆ་ལ་ལར་འབྲུ་རྡོག་གཅིག་ཀྱང་མ་ལོན་པའང་ཡོད། ཝུ་ཁྲིན་ཨུན་ནི་འབངས་ལ་བརྩེ་བའི་དཔོན་པོ་བཟང་བོ་ཞིག་ཡིན་པས་འབངས་མི་སེར་གྱི་ལྟོགས་སྐོམ་གྱི་སྡུག་བསྔལ་སེལ་བའི་ཆེད་དུ་ཉི་མ་རྟག་པར་རི་རྒྱུག་ཐང་རྒྱུག་བྱས་པས། ལྟ་ཞིབ་བྱེད་མཁན་གྱི་མངགས་བློན་ལིའུ་ཟེར་བ་ཞིག་དེར་འོངས་པ་དུས་ཚོད་འཛོལ་བས་བསུ་མ་བྱེད་མ་ཐུབ་པ་ན། དཔོན་པོ་དེ་རབ་ཏུ་ཁྲོས་ཏེ་མི་འདིས་གཞན་གྱི་བརྔན་པ་ཟོས་སོ་ཞེས་མ་ཉེས་ཉེས་འདོགས་བྱས་ནས་བཙོན་དུ་བཅུག་གོ། 

    གནས་ཚུལ་དེ་མྱུར་དུ་ཕྱོག་ཕྱོགས་སུ་ཁྱབ་ཅིང་མཆེད་པས་འབངས་མི་སེར་མང་བོས་ཐོས་པ་དང་། ཐོས་ནས་ཀྱང་མི་སེར་རྣམས་ཀྱི་སེམས་ལ་སྐྱོ་བ་དང་ཁྲོ་བ་ཕན་ཚུན་བསྣོལ་ཅིང་མཆེད་དེ་དབྱུག་པ་དང་འཇོར་སོགས་ལག་ཏུ་ཐོགས་ཏེ་རྫོང་གི་ཁྲིམས་སྒོ་བསྐོར་ནས་ཁྲིམས་དཔོན་ལ་ཝུ་ཁྲིན་ཨུན་མྱུར་དུ་གཏོང་དགོས་པའི་རེ་འབོད་བྱས།

    དེར་མ་ཟད་གནས་ཚུལ་དེ་ལིས་པུ(吏部)ཞེས་པའི་སྡེ་ཁག་ན་ལས་ཀའི་འགན་ཁུར་འཁུར་བཞིན་པའི་ལིས་ཁྲུན་ཧྥང་(李春芳)ཟེར་བ་ཞིག་གིས་ཐོས། ཁོ་ནི་ཝུ་ཁྲིན་ཨུན་གྱི་སྙན་ངག་ལ་དགའ་བའི་ཡིད་མཐུན་གྱི་གྲོགས་པོ་ཞིག་ཡིན་པས་གཏམ་དེ་ཐོས་འཕྲལ་ཁྲང་ཞིན་རྫོང་མཁར་དུ་སོང་སྟེ་གྲོགས་པོ་ལ་ཉེས་སྐྱོན་མེད་པའི་བདེན་དཔང་བྱས་པ་དང་། ལྟ་ཞིབ་པ་ལིའུ་ཡིས་ཀྱང་ཉེས་པ་ཡོད་པའི་བདེན་དཔང་གང་ཡང་མ་རྙེད་པས་ལིས་ཁྲུན་ཧྥང་ལ་མགོ་བསྒུར་ནས་རང་གི་ཉེས་པ་ངོས་ལེན་མི་བྱེད་ག་མེད་བྱུང་སྟེ་ཝུ་ཁྲིན་ཨུན་བཙོན་གྲོལ་བྱས་སོ།། གོང་དུ་བཤད་པའི་ལིས་པུ་(吏部)ཟེར་བའི་རྒྱལ་གཞུང་གི་སྡེ་ཁག་འདི་ནི།  རྒྱལ་ཡོངས་ཀྱི་དཔོན་པོ་རྣམས་གོ་གནས་བརྗེས་སྤོར་དང་། རྒྱུག་ལེན་པ་དང་། གོ་གནས་འཕར་བ་དང་འབེབ་པ་དང་། སྙོམས་སྒྲིག་བྱེད་པ་སོགས་ཀྱི་འགན་འཁུར་བའི་ལས་ཁུངས་ཤིག་རེད།  

    ཝུ་ཁྲིན་ཨུན་ལ་དེ་ལྟར་ཉེས་མེད་ཉེས་འགེལ་གྱི་བཙོན་འཇུག་གི་སྡུག་བསྔལ་ཞིག་ཀྱང་མ་བསམ་ས་ནས་བབས་པས། སྤྱིར་ཡང་ཕྲག་དོག་དང་འགྲན་སེམས་ཤིན་ཏུ་རྒོད་པའི་དབང་རྩོད་ཀྱི་ལས་ཀ་དེ་རང་ལ་མི་འཚམ་སྙམ་དུ་ཡོད་པའི་ཁར་དོན་རྐྱེན་དེ་འདྲ་བྱུང་བས་ལྷག་པར་ཡང་ཞེན་པ་ལོག་སྟེ། ཁོང་གིས་སྒྲུབ་བཞིན་པའི་གནོད་སྐྱོབ་ཀྱི་ལས་ཀ་དེ་བསྒྲུབས་ཚར་མ་ཐག་དཔོན་པོ་བྱེད་པ་སོགས་ཀྱི་འཚོ་བ་ལ་ཞེན་ཆགས་གང་ཡང་མེད་ཅིང་དེ་དག་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དུ་དོར་ཏེ་བློ་གཅིག་སེམས་གཅིག་གིས་ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་འབྲི་བའི་ལས་ལ་ཞུགས་སོ།། ཚེ་སྨད་ཀྱི་འཚོ་རྟེན་ཕལ་ཆེར་གཞན་ལ་རྩོམ་ཡིག་འབྲི་བ་སོགས་ཀྱིས་བྱས་ཤིང་། ལོ་བརྒྱད་ཅུ་གྱ་གཉིས་ཙམ་གྱི་ཡུན་ལ་འཚོ་བ་བྱུང་མོད། ཚེ་སྨད་ཀྱི་འཚོ་བའི་གནས་བབ་སོགས་ཧ་ཅང་སྐྱོ་བར་ཐོས་སོ།།

---  མུ་འགོད། ---

རྩོམ་ཡིག་མཁོ་སྤྲོད་པ།  བྱམས་པ་དོན་གྲུབ།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2022-05-06 ལྟ་ཀློག (2349)