བོད་ཀྱི་བྱིས་པ་དང་བོད་ཡིག​​


བོད་ཀྱི་བྱིས་པ་དང་བོད་ཡིག

   གྱི་ལིང་འཇིགས་མེད།

   ལོ་འདི་དག་ལ་བོད་ཀྱི་བྱིས་པ་དང་བོད་ཡིག་གཉིས་ཀྱི་བར་ཐག་ཇེ་རིང་དུ་འགྲོ་བཞིན་པའི་སྣང་ཚུལ་ཇེ་སྡུག་ནས་ཇེ་སྡུག་རེད། དེ་ལ་རྒྱུ་རྐྱེན་མང་བོ་ཞིག་ཡོད་པ་ནི་སྨོས་མ་དགོས་པ་རེད། རྒྱུ་རྐྱེན་གཙོ་བོ་ཞིག་ནི་བོད་ཀྱི་བྱིས་པ་ལ་བོད་ཡིག་གི་ལམ་ནས་བཀླག་ཆོག་ཆོག་གི་དཔེ་ཆ་ཧ་ཅང་ཉུང་བ་ནི་གནད་དོན་ཆེན་པོ་ཞིག་རེད།

  བོད་ཡིག་གི་དཔེ་ཆ་བཙོང་སའི་དཔེ་ཁང་དག་ཏུ་སོང་ན་འཛམ་གླིང་བྱིས་སྒྲུང་གྲགས་ཅན་སོགས་དེབ་རེ་གཉིས་མཐོང་རྒྱུ་འདུག་མོད། ཁ་ཕྱེས་ནས་བལྟས་ན་བྱིས་པ་ལྟ་ཅི། བོད་ཡིག་སྦྱངས་ནས་མི་ལོ་སུམ་ཅུར་ཉེ་བ་བདག་ལྟ་བུས་ཀྱང་གོ་མི་ཐུབ་པ་མང་བས་རེ་ཐག་ཆད་བཞིན་དཔེ་ཆ་དེ་དག་རེ་རེ་བཞིན་ཕྱིར་མི་འཇོག་ཐབས་མེད་དུ་གྱུར།

ང་ཚོར་དཔལ་འབྱོར་གྱི་ཆ་རྐྱེན་དང་ཤེས་ཡོན་པའི་ལག་རྩལ་སོགས་གང་ཅིའི་ཐད་ནས་བོད་ཀྱི་བྱིས་སྒྲུང་འགུལ་རིས་སུ་གཏོང་རྒྱུ་དེ་ད་དུང་བར་ཐག་ཧ་ཅང་རིང་མོད། བོད་སྐད་ཀྱི་ལམ་ནས་བོད་ཀྱི་བྱིས་པ་ཚོར་གོ་སླ་བའི་གཏམ་རྒྱུད་རེ་བཤད་ན་ལོས་ཆོག་ཨང་།

  ལོ་གཉིས་ཀྱི་ཡར་སྔོན་ཞིག་ལ་ཆེད་དུ་རྒྱའི་བྱིས་སྒྲུང་སྐོར་ནས་དཔེ་ཆ་ཆུང་ཆུང་ལྔ་བརྒྱ་ལྷག་ཉོས་ཏེ་བལྟས་པ་ཡིན། བྱིས་པའི་ལོ་ཚོད་ལྟར་བྱིས་སྒྲུང་གི་བརྗོད་བྱ་དང་རི་མོ། རྗོད་བྱེད་སོགས་ཁག་བགོས་པ་ཧ་ཅང་ཞིབ་ཚགས་རེད། གལ་ཏེ་ང་ལྟ་བུ་ཞིག་གིས་ལས་ཀ་དེ་བྱེད་དགོས་ན་ཐོག་མར་རི་མོ་བའི་འགྲོ་སོང་དང་། དེ་ནས་དཔེ་སྐྲུན་གྱི་འགྲོ་སོང་གཉིས་ལའང་ཚེ་གང་བོར་འབད་པ་བྱེད་དགོས་པ་འདུག ནང་དོན་དང་གཏམ་རྒྱུད་བཤད་ཐབས་སོགས་ནི་དེ་བས་ཀྱང་སྨོས་མ་དགོས་པ་ཞིག་རེད།

སྔོན་ཆད་བྱིས་སྒྲུང་རྩོམ་འབྲིའི་སྐོར་གྱི་ཟབ་སྦྱོང་རེར་ཞུགས་ཏེ་སློབ་སྦྱོང་བྱེད་པའི་གོ་སྐབས་བྱུང་བར་མ་ཟད།བྱིས་སྒྲུང་རེ་བྲིས་ཏེ་ཚོད་ལྟ་བྱས་མོད། རྗེས་སུ་འགལ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ལམ་ལྷུང་མ་བྱུང་། ད་ལྟ་བསམ་ན་ངས་བྲིས་པ་དེ་ནི་བྱིས་སྒྲུང་ཞིག་ཡེ་ནས་མ་རེད།

  ད་ལྟ་བོད་ཡིག་གི་ལམ་ནས་རྩོམ་ཡིག་འབྲི་ཐུབ་པའི་བྱིས་པ་ཇེ་ཉུང་ཡིན་ལ། བོད་ཡིག་གི་ལམ་ནས་རྩོམ་ཡིག་ཀློག་ཤེས་པའི་བྱིས་པའང་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་འདུག༼ཞིབ་ཕྲའི་གྲངས་ཀ་མེད།༽

  སློབ་གྲྭ་ཆུང་འབྲིང་གི་བྱིས་པར་མཚོན་ན་རྩོམ་ཡིག་འབྲི་བའི་ཐབས་ལམ་གྱི་སྐོར་ནས་དཔེ་ཆ་ཡག་པོ་རེ་ནི་སྐོམ་པ་ཆུ་འདོད་ཀྱི་དཔེ་རུ་སོང་འདུག་ལ། ད་སྔ་བྱིས་པའི་རྩོམ་ཡིག་འབྲི་བའི་ཐབས་ལམ་སྐོར་ལའང་དེབ་གཉིས་གསུམ་ཙམ་མཐོང་མོད། དེ་དག་ད་ལྟའི་མཐོ་འབྲིང་དང་སློབ་ཆེན་གྱི་སློབ་མ་ལ་འོས་ཤིང་འཚམ་པར་སྙམ།

ང་རང་ཆུང་དུས་བོད་ཀྱི་བྱིས་པ་ཚོས་རྒྱ་ཡིག་མི་ཤེས་པ་དང་། རྒྱ་ཡིག་སློབ་ཁྲིད་ལ་སུན་སྣང་སྐྱེ་བ་ནི་ཡོངས་ཁྱབ་ལྟ་བུ་ཞིག་ཡིན་མོད། ད་ལྟ་སྤྱིའི་ཆ་ནས་བོད་ཀྱི་བྱིས་པ་ཚོས་བོད་ཡིག་མི་ཤེས་པ་དང་། བོད་ཡིག་སློབ་ཁྲིད་ལ་མི་དགའ་བ་ཞིག་ཏུ་གྱུར་འདུག ཁོ་བོས་སློབ་ཆུང་སློབ་མ་མང་བོར་སྐད་ཆ་དྲིས་པ་ལྟར་ན་བྱིས་པ་དེ་དག་སྤྱིའི་ཆ་ནས་རྒྱ་ཡིག་དགེ་རྒན་ལ་དགའ་བ་དང་། བོད་ཡིག་དགེ་རྒན་ལ་མི་དགའ་བ་ཞིག་ཏུ་གྱུར་འདུག

 ཡུན་རིང་རྒྱུས་ལོན་བྱུས་པ་ལྟར་ན་རྒྱ་ཡིག་དགེ་རྒན་མང་ཤོས་བུད་མེད་ཡིན་པ་དང་། བོད་ཡིག་དགེ་རྒན་ཕལ་ཆེར་སྐྱེས་པ་རེད། བུད་མེད་རྣམས་རང་བཞིན་གྱིས་བྱིས་པ་ལ་དགའ་བ་ཆོས་ཉིད་ལྟ་བུ་ཡིན་པས། རྒྱུ་རྐྱེན་འདི་ལྟ་བུའི་ཆུང་ཆུང་ཞིག་གིས་ཀྱང་མཇུག་འབྲས་བློ་ཡུལ་ལས་འདས་པ་རེ་བསྐྱེད་ཡོང་བར་འདུག

ངས་འདི་ལྟར་བཤད་ན་མང་བོ་ཞིག་གིས་ད་ལྟའི་སློབ་དེབ་ཀྱི་གནད་དོན་དང་། སྲིད་ཇུས་སོགས་མང་བོ་མང་བོ་ཞིག་བཤད་ཡོང་ངེས། འོན་ཀྱང་ང་ཚོས་ཡུའུ་ཐའེ་མི་རིགས་ཀྱིས་མི་ལོ་སྟོང་ལ་འཁྱམས་ཉུལ་གྱི་འཚོ་བ་རོལ་ཅིང་། འཁྲུག་ཆེན་དང་བོའི་སྐབས་དམར་གསོད་ཆེན་པོས་རྩ་མེད་དུ་བཟོ་བའི་ཉེན་ཁར་འཕྲད་ན་ཡང་ཁ་གཡར་ས་གཞན་ཅི་ཡང་མ་བཙལ་བར་རང་གི་སྐད་དང་ཡི་གེ་རྒྱུན་འཛིན་བྱས་པར་མ་ཟད། མཐར་འཛམ་བུ་གླིང་གི་ཚན་རིག་ལག་རྩལ་དང་རྫས་འགྱུར་དངོས་ལུགས་སོགས་ཐམས་ཅད་ཡུའུ་ཐའེ་རང་གི་སྐད་ཀྱི་ལམ་ནས་སྦྱངས་ཏེ་ནོ་བྷེལ་བྱ་དགའི་གཟེངས་རྟགས་བཞེས་མཁན་བཅུ་ཕྲག་མང་བོ་གསོ་སྐྱོང་བྱས་མྱོང་བ་དེ་ཡིད་ལ་དྲན་འོས་ཞེས་དྲན་གསོ་ཞུ་འདོད་བྱུང་།

 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-05-03 ལྟ་ཀློག (3266)