སྤོ་ལོ་དང་འབྲེལ་བའི་དྲི་བ་དྲིས་ལན། སྨད་ཆ།

༄༅།། སྤོ་ལོ་དང་འབྲེལ་བའི་དྲི་བ་དྲིས་ལན།

 

བཅར་འདྲི་མཁན། ཨ་རིའི་སྤོལ་རྩེད་པ་བྷེལ།

བཅར་འདྲི་བྱ་ཡུལ། བཛྲ་ཚུལ་ཁྲིམས་རྒྱ་མཚོ།

གསལ་བཤད། 

    ལོ་ངོ་དུ་མའི་ཡར་སྔོན་དུ། ཨ་རིའི་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྲགས་ཅན་MITནས་ཐོན་པའི་སྤོལ་རྩེད་པ་བྷེལ་གྱིས་དགེ་རྒན་བཀའ་དྲིན་ཅན་བཛྲ་ཚུལ་ཁྲིམས་རྒྱ་མཚོ་ལགས་ལ་ཁོང་གིས་སྤོ་ལོ་རྩེས་པའི་བརྒྱུད་རིམ་དང་ཉམས་མྱོང་སྐོར་ནས་བཅར་འདྲི་བྱས་པ་ཡུལ་དངོས་ནས་བརྙན་དུ་ཕབ་ཅིང་། ཕྲན་ཆུང་བྱམས་པ་དོན་གྲུབ་ཀྱིས་དེ་དོན་བཞིན་ཟིན་བྲིས་སུ་བཏབ་པ་ལགས་ན། འདིར་ནོངས་འཛོལ་ཅི་མཆིས་དགེ་རྒན་རིན་པོ་ཆེ་གཙོར་མཛད་པའི་རྒྱ་ཆེའི་ཀློག་པ་བོ་ཡོངས་ལ་བཟོད་གསོལ་ཞུ་ཞུ།

 

དྲི་བ། ༥ སེམས་ཤུགས་དང་ལུས་ཤུགས་བར་གྱི་འབྲེལ་བ་གསུང་རོགས།  

    ཡང་ལ་ལ་ཞིག་གིས། ཁྱོད་ཀྱི་ད་སྔ་གོང་དུ་བཤད་པ་དེ་དག་ཚང་མ་ནང་བའི་ཆོས་ལུགས་པ་ཞིག་ཡིན་པ་གཞིར་བཞག་གི་སྟེང་ནས་བཤད་ན་འགྲིག་གི། ནང་ཆོས་ཁས་མི་ལེན་པ་དང་དད་པ་མེད་པའི་གང་ཟག་ཅིག་གིས་རྒྱུན་ལྡན་གྱི་འཚོ་བ་དང་རྩེད་མོའི་ཁྲོད་ན་རང་གི་སེམས་བདག་སྐྱོང་བྱ་བའི་ཐབས་ཤེས་ཨེ་ཡོད། ཡོད་ན་གང་དང་གང་རེད། ཆོས་ལུགས་ཀྱི་ནང་ན་བཤད་པ་དེ་དག་བེད་སྤྱོད་བྱས་ན་ཨེ་ཆོག་ཟེར་ན། ངས་བཤད་ཀྱིན་པ་འདི་དག་དོན་དངོས་ཡིན་པ་ལས། དམིགས་བསལ་ཆོས་ལུགས་ཀྱིས་ཐག་བཅད་ཡོད་པ་དང་། ཆོས་ལུགས་ཀྱིས་ཐག་གིས་བཅད་རྗེས་དེ་ལྟར་ཡིན་ཞིང་། ཆོས་ལུགས་ཀྱིས་ཐག་མ་བཅད་ན་དོན་དེ་ལྟར་མིན་འགྲོ་བ་ཞིག་མ་རེད། སྤྱིར་བཏང་གི་གནས་ཚུལ་སྟེ་དངོས་པོའི་གནས་ལུགས་ཤིག་བཤད་ཀྱིན་ཡོད། སེམས་ཁམས་ལྷོད་ལ་འབབ་དགོས་པ་ནི། ནང་ཆོས་ཁས་ལེན་མཁན་དང་མི་ལེན་མཁན། དད་པ་ཡོད་མཁན་དང་མེད་མཁན་སུ་ཡིན་ཡང་འདྲ་འདྲ་རེད། ནང་ཆོས་ལ་དད་པ་མ་བྱས་ནའང་སེམས་ཁམས་ལྷོད་ལ་འབབ་དགོས། སེམས་ཁམས་ལྷོད་ལ་བབས་ན་རང་ཉིད་སྐྱིད་ལ་དོན་ཡང་འགྲུབ་བྱེད་ཡིན་པ་དོན་དངོས་རེད། དཔེར་ན། རང་གི་འགྲན་ཡ་དེའི་སྟེང་དུ་སྤོ་དང་ཁོང་ཁྲོ་ལངས་ན་རང་གི་ནུས་པ་འདོན་མི་ཐུབ། དེ་ནས་དོན་དག་གང་དང་གང་ཡིན་ན་ཁོང་ཁྲོའི་སྒོ་ནས་ཐག་བཅད་ན་མཇུག་འབྲས་ཡག་པ་ཞིག་མི་ཡོང་། འདི་ལ་གཏམ་རྒྱུད་ཅིག་ཡོད། རྒྱ་སྐད་ཀྱི་(成吉思汗 Genghis Khan)ཟེར། ཆིང་ཀི་སི། སོག་པོ་ཇིང་གིར་རྒྱལ་བོ་ཟེར་བ་དེ་རེད། ཁོ་རང་ལ་དམ་བཅའ་ཞིག་ཡོད། དོན་དག་གང་དང་གང་ཡིན་ན་ཁོང་ཁྲོ་ལངས་ཡོད་དུས་ཐག་མི་གཅོད་ཟེར། དེ་ཅི་རེད་ཟེར་ན། ཐེངས་ཤིག ཁོ་ལམ་ཐག་ན་འགྲོ་བཞིན་པའི་སྐབས་སུ། བྱ་ཞིག་འཕུར་ཡོང་ནས་མགོ་རུ་ཐུག་ལ་ཁད་ཀྱིས་ཡང་ཡང་འཕུར་ལྡིང་བྱས་པ་ན། ཁོ་མདའ་རྩལ་ལ་བྱང་ཞིང་ངར་བས་སྤོ་ཐོག་ཏུ་མདའ་བརྒྱབ་ནས་བྱ་བསད་དེ་ཐང་ལ་ལྷུང་། དེ་ནས་ས་ངོས་སུ་བལྟས་པ་ན་ཁོའི་རྗེས་ན་དུག་སྦྲུལ་ཞིག་འདུག མ་གཞིར་བྱ་འདི་ཁོར་གནོད་པ་བྱེད་པའི་དུག་སྦྲུལ་གྱི་སྟེང་དུ་བབས་ནས་ཁོ་སྲུང་སྐྱོབ་བྱེད་པ་ལས་གནོད་འཚེ་གང་ཡང་གཏོང་གི་མེད། དོན་དེ་ཤེས་པས་ཁོས་གནས་ཚུལ་ཚང་མ་རྒྱུས་ལོན་མ་བྱས་པར་ཁོང་ཁྲོའི་སྒོ་ནས་ཐག་བཅད་པས་དོན་དག་འདི་འདྲའི་ནོར་འཕྱུག་ཅན་ཞིག་བསྒྲུབས་སོང་། ནོར་འཕྱུག་འདི་ནམ་ཡང་བཅོས་ཐབས་མེད་པར་རང་ཉིད་འགྱོད་པའི་གཞི་རུ་གྱུར། དེ་བས་ད་ཕྱིན་ཆད་ནས། ངས་བྱ་བ་གང་དང་གང་ཡིན་ན་ཁོང་ཁྲོའི་སྒོ་ནས་ཐག་མི་གཅོད་ཟེར་ནས་དམ་བཅས་པ་རེད། སོག་པོ་ཇིང་གིར་རྒྱལ་བོ་ལྟ་བུ་ཡིན་ན་ནང་བའི་ཆོས་ལུགས་པ་མ་རེད། སྐབས་དེར་ནང་ཆོས་སོག་ཡུལ་དུ་དར་ཡང་མེད་མོད། ཡིན་ཡང་ཁོང་ཁྲོའི་སྒོ་ནས་བྱ་བ་ཐག་གཅོད་བྱས་ན་བྱ་བ་ཡག་པོ་མི་ཡོང་ཞིང་། རང་གི་ནུས་པ་ཡང་འདོན་མི་ཐུབ། ལེགས་ཉེས་བླང་དོར་གྱི་གནས་གསལ་བོ་ཞིག་འབྱེད་མི་ཐུབ་པའི་གནས་ལུགས་རྟོགས་པས་ཁོང་ཁྲོའི་སྒོ་འགོག་དགོས། དེ་བཞིན་དུ་རང་ཉིད་སྐྱིད་དུ་མི་འཇུག་ལ་གཞན་ཡང་བདེ་རུ་མི་འཇུག ཁོར་ཡུག་ཧྲིལ་བོ་བདེ་རུ་མི་འཇུག དོན་དག་འགྲུབ་པ་ལ་དགག་བྱེད་པའི་ཤེས་པའམ་བསམ་བློ་དེ་སེམས་ཁམས་ཕྱིན་ཅི་ལོག་པ་རེད། ནང་བའི་ཆོས་ལུགས་ཡིན་ན་གཙོ་བོ་སེམས་ཁམས་ཕྱིན་ཅི་ལོག་པའམ་བསམ་པ་མ་དག་དེ་འགོག་དགོས་པ་རེད། རྩེད་མོ་ཞིག་ཡིན་ནའང་ཡག་པ་ཡོང་གི་མི་འཇུག་བྱེད་སེམས་ཁམས་ཕྱིན་ཅི་ལོག་པ་དེ་རེད། གཡོ་སྒྱུ་ཁོ་ནས་ཕ་རོལ་བོ་ཕམ་པ། ཁོང་ཁྲོ་ལངས་པ། དྲང་བདེན་སྒོ་ནས་རང་གི་ནུས་རྩལ་བཀོལ་སྤྱོད་མ་བྱས་ན་དེ་སེམས་ཁམས་ཕྱིན་ཅི་ལོག་པ་རེད། ཁོང་ཁྲོ་ལངས་ན་མི་སྐྱིད་ཅིང་བྱ་བའང་མི་འགྲུབ་པའི་གནས་ལུགས་ཆོས་ལུགས་པ་ཞིག་ཡིན་ན་མིན་ན་དོན་དངོས་ཡིན་པས་ཁས་ལེན་དགོས། དེ་ནས་ཕྱི་ལུས་ཀྱི་སྦྱོང་བརྡར་ཙམ་དུ་མ་ཟད་ནང་སེམས་ཁམས་ཀྱི་སྦྱོང་བརྡར་ཡང་གཙོ་བོ་ཡིན་པའི་རྒྱུ་མཚན་དཔེ་བཞག་ནས་བཤད་ན། འཛམ་གླིང་གི་མ་ལ་ཟོན་(马拉松 Marathon)ཟེར་བའི་རྐང་རྒྱུག་འགྲན་སྡུར་དེའི་ཁྲོད་ནས། ཐེངས་མང་བོར་ཨང་དང་བོ་བླངས་མྱོང་བའི་འཇར་པན་གྱི་ལུས་རྩལ་བ་ཞིག་ལ་གསར་འགོད་པས་བཅར་འདྲི་བྱས་པ་ལྟར་ན། རྒྱུག་རེས་བྱས་ན་ཁྱོད་ལ་ནམ་ཡང་ཨང་དང་བོ་ཐོབ་འདུག རྒྱུ་མཚན་ཅིའི་ཕྱིར་ཐོབ་སོང་། ཁྱོད་ལ་དེའི་སྐོར་ནས་དམིགས་བསལ་གྱི་གདམས་ངག་འདྲ་ཨེ་ཡོད་ཅེས་དྲིས་པ་ན། ཁོས་ལན་དུ་ངས་ཤེས་རབ་ཀྱི་རྩལ་ལ་བརྟེན་ནས་ཨང་དང་བོ་བླངས་པ་ཡིན་ཟེར། ཚང་མས་ཁོའི་ལན་དེ་དོན་ལ་མི་གནས་ཤིང་གནད་དུ་མ་འཁེལ་བ་རེད། རྒྱུག་རེས་བྱས་ན་ལུས་ཀྱི་རྩལ་མ་གཏོགས་ཤེས་རབ་ལ་བརྟེན་མི་དགོས་སྙམ་ནས་མང་བོ་ཞིག་གིས་དེ་ལྟར་བཤད་ཡང་མྱོང་མོད། ལོ་ངོ་མང་བོའི་རྗེས་སུ་ཡང་བསྐྱར་ཁོ་ལ་དྲི་བ་དྲིས་ནས་རྒྱུ་མཚན་ཤེས་དུས། དོན་ངོ་མ་རིག་པའམ་སེམས་ཁམས་ལ་འབྲེལ་བ་འདུག འགྲན་སྡུར་བྱེད་ཐེངས་རེར། ཁོ་སྔོན་ལ་རྒྱུག་རེས་བྱ་སའི་ཡུལ་དངོས་ལ་སོང་ནས་རྒྱུས་ལོན་བྱེད་ཀྱིན་འདུག རྒྱུས་ལོན་བྱས་པ་དེས་གཞན་ལ་གནོད་འཚེ་དང་གཡོ་སྒྱུ་གང་ཡང་བྱེད་ཀྱི་མེད། དེ་རང་གི་སེམས་ཁམས་སྟེང་ནས་སྦྱོང་བརྡར་བྱེད་པའི་ཐབས་ཤེས་ཤིག་རེད། རྒྱུག་རེས་བྱེད་པའི་ལམ་ཐག་ཧྲིལ་བོར་ས་རྟགས་རྒྱག་གི་ཡོད། འདི་ནས་གན་བར་དུ་ཁང་བ་ཞིག་ཡོད། གན་ནས་དེ་བར་དུ་སྡོང་བོ་ཞིག་ཡོད། དེ་ནས་ས་འདིར་ཐོན་ཡོད། རྒྱུག་ལམ་ཚང་མ་དུམ་བུའམ་ཆ་ཤས་ལ་བགོ་བཞིན་ཡོད། དེ་ལྟར་བསམ་ཐོག་ཏུ་བླངས་རྗེས་རྒྱུག་ན། འགོ་འཛུགས་དུས་ནས་མཐར་ཐུག་གི་ས་ཚིགས་དེ་ཡིད་ལ་མ་སྒོམ་པར་ས་རྟགས་བརྒྱབ་པའི་ལམ་གྱི་ཆ་ཤས་རེ་རེ་དམིགས་འོག་ཏུ་བཅུག་ནས་རྒྱུག་ན་སེམས་ཤུགས་མི་ཆག་ལ། སེམས་ཤུགས་མ་ཆག་ན་ལུས་ཤུགས་ཀྱང་མི་ཉམས་པས། ཁོས་དེ་ལྟར་རྒྱལ་ཁ་བླངས་རབས་བཤད། མ་གཞི་ནས་ཁོ་རྒྱུག་ན་མགྱོགས་པ་ཞིག་ཡིན་མོད། དེའི་སྟེང་ཁོ་ལ་གཞན་དང་མི་འདྲ་བའི་སེམས་ཤུགས་ཤིག་ཡོད་རྐྱེན་ཐེངས་མང་བོར་ཨང་དང་བོ་བླངས་མྱོང་། ཡིན་ནའང་མང་བོ་ཞིག་གིས་དེ་ལྟར་མི་བྱེད་པར་ཐོག་མ་ཉིད་ནས་ཐག་རིང་ཐག་རིང་ཞིག་ཡིད་ལ་བཟུང་ནས་རྒྱུག་པས། སེམས་ཤུགས་ཆག་སླ་བ་དང་དེ་བཞིན་ལུས་ཤུགས་ཀྱང་ཉམས་འགྲོ། དེ་བས་རྒྱལ་ཁ་མི་ཐོབ་ཟེར། ངས་བལྟས་ན་ཡང་འདི་བདེན་པར་མཐོང་། རྒྱུ་མཚན་ཅི་རེད་ཟེར་ན། ནང་བའི་ཆོས་ལུགས་ལྟ་བུ་ཡིན་ན། ཐེག་ཆེན་པ་ཡིན་ན་བསམ་པ་རྒྱ་ཆེ་བ་དང་སྙིང་སྟོབས་ཡོད་པའི་སྟབས་ཀྱིས་ཚན་པ་མང་བོ་དབྱེ་མེད་མོད། ཐེག་དམན་པ་ཡིན་ན་སེམས་ཤུགས་ཞན་ཞིང་སྙིང་སྟོབས་མེད་པ། རེ་ཐག་ཆད་སླ་བའི་རྒྱུ་མཚན་གྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཞུགས་འབྲས་བརྒྱད་ཀྱི་རྣམ་བཞག་གསུང་ཡོད། རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་སྟེ་གཉིས་རེ་བྱས་ནས་ཞུགས་འབྲས་བརྒྱད་གསུངས་འདུག ཁྱོད་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་སོང་ཟེར་དུས་སྤང་བྱ་ཉོན་མོངས་ནང་ནས་འདི་དང་འདི་སྤོང་ཐུབ་སོང་སྙམ་ནས་རང་ལ་དགའ་བའམ་སྤྲོ་སྣང་ཞིག་ཡོད་སྟབས། དེ་ནས་ཚད་བཟུང་བ་རེད། དེ་ནས་གོ་རིམ་བཞིན་ཕྱིར་འོང་དང་ཕྱིར་མི་འོང་། དགྲ་བཅོམ་པའི་འབྲས་བུ་ཐོབ་སོང་ཟེར་བ་འདིའང་། ཐབས་ལ་མཁས་པའི་ཉམས་ལེན་བྱེད་སྟངས་ཀྱི་རིམ་པ་ཞིག་ཡིན་ཟེར་བའི་བཤད་སྲོལ་ཡང་ཡོད། ནང་བའི་ཆོས་གཞུང་ན་བཤད་ཡོད་པའི་སེམས་ཁམས་ཀྱི་འཛིན་ཚུལ་དང་གོང་དུ་བཤད་བཞིན་པའི་རྩེད་མོ་གཉིས་སྦྱར་ན། ནང་སེམས་ཁམས་དང་ཕྱིའི་ལུས་པོ་གཉིས་འབྲེལ་བ་ཡོད་པའམ། ཕན་ཚུན་བརྟེན་རྟེན་པའི་འབྲེལ་བ་ཡོད་སྟབས་ཕན་ཚུན་ལ་གཞོགས་འདེགས་ཀྱི་ནུས་པ་ཡང་ཐོན་ཐུབ། རྣམ་པ་ཀུན་ཏུ་དེ་འདྲ་ཞིག་ཡིན་དགོས་པའི་ངེས་པ་མེད་དེ། སེམས་ཤུགས་ཡོད་ཀྱང་ལུས་ཤུགས་མེད་པ། ལུས་ཤུགས་ཡོད་ཀྱང་སེམས་ཤུགས་མེད་པ་ཡང་རེ་འགའ་ཡོད། ཡིན་ཡང་སེམས་ཤུགས་དང་ལུས་ཤུགས་གཉིས་ཀའི་བར་ན་འབྲེལ་བ་ངེས་ཅན་ཡོད་པ་དོན་དངོས་རེད། 

 ༼ རྫོགས་སོ།། 

རྩོམ་ཡིག་མཁོ་སྤྲོད་པ། བྱམས་པ་དོན་གྲུབ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2022-04-29 ལྟ་ཀློག (2296)