རྩྭ་ཐང་བུ་མོ་སློབ་གྲྭའི་གསར་འགྱུར། དཔེ་ཀློག་ཉིན་མོ་བསུས་པ།

༄༅། །གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭས་འཛམ་གླིང་དཔེ་ཀློག་ཉིན་མོ་བསུས་པ།

   རང་སློབ་གྲྭའི་སློབ་དོན་ཁང་གིས་གཙོ་སྒྲུབ་བགྱིས་པའི་འཛམ་གླིང་དཔེ་ཀློག་ཉིན་མོ་སྐབས་ཉེར་བདུན་པ་བསུ་བའི་བྱེད་སྒོ་དེ་རིང་སྔ་དྲོའི་ཆར་དཔེ་མཛོད་བློ་གསལ་ཉི་འོད་གླིང་དུ་གཟབ་རྒྱས་ངང་འཚོགས། ཚོགས་ཐོག་ཏུ་སློབ་གཙོ་རྣམ་གསུམ་གཙོས་དགེ་སློབ་དྲུག་བརྒྱ་ལྷག་འདུས། ཐེངས་འདིར་དགེ་སློབ་གཉིས་ནས་བོད་རྒྱ་དབྱིན་གསུམ་གྱི་དཔེ་ཀློག་མྱོང་གླེང་བརྗེ་རེས་གཏམ་བཤད་སྤེལ་བ་དང་། སློབ་གཙོ་རྒན་ཤར་པང་བཀྲ་ཤིས་ཚེ་རིང་དང་རྒན་སོག་རུའི་འབྲུག་འབུམ་རྒྱལ། རྒན་ཚེ་རིང་ཉི་མ། རྒན་དཀར་མོ་ཡེ་ཤེས་བཅས་ཀྱིས་དཔེ་ཀློག་མྱོང་གླེང་གཏམ་བཤད་བགྱིས།  དམིགས་བསལ་སློབ་མའི་ངོས་ཐད་དུ་དཔེ་ཀློག་མྱོང་གླེང་གཏམ་བཤད་འགྲན་སྡུར་གྱི་རྣམ་པས་སྤེལ། ཐོག་མར་འཛིན་གྲྭ་བཅུ་གཉིས་འཛིན་རིམ་གསུམ་དུ་ཕྱེས་ཏེ་འཛིན་གྲྭ་རེ་ནས་མི་གཉིས་རེ་ཞུགས་ཤིང་ཁྱོན་སློབ་གྲོགས་ཉི་ཤུ་ལྷག་ཞུགས།   འཛིན་རིམ་དང་པོ་སྟེ་ལོ་རིམ་དང་པོ་ནས་གསུམ་པའི་བར་གྱི་འགྲན་ཞུགས་སློབ་མས་ཁོ་ཚོའི་བློ་ཁར་འཚམ་པའི་དཔེ་དེབ་ངོ་སྤྲོད་བགྱིས་པ་དང་། འཛིན་རིམ་གཉིས་པ་སྟེ་ལོ་རིམ་བཞི་བ་ནས་དྲུག་པའི་བར་གྱི་འགྲན་ཞུགས་སློབ་མས་དཔེ་ཀློག་མྱོང་གླེང་གཏམ་བཤད་བྱས་པ་དང་། དེ་བཞིན་ལོ་རིམ་བདུན་པ་ནས་བརྒྱད་པའི་བར་གྱི་འགྲན་ཞུགས་སློབ་མས་ཀྱང་དཔེ་ཀློག་མྱོང་གླེང་བརྗེ་རེས་གཏམ་བཤད་བྱས།   རིག་པའི་ལྕམ་དཔུང་འཛིན་གྲྭའི་སློབ་གྲོགས་དཀོན་མཆོག་ཆོས་སྒྲོན་ལ་འཛིན་རིམ་དང་པོའི་འགྲན་སྡུར་ཁྲོད་བྱ་དགའ་ཐོབ། དབྱངས་གསལ་བླ་སྲོག་འཛིན་གྲྭའི་སློབ་གྲོགས་ཨ་འཛོམས་ལ་འཛིན་རིམ་གཉིས་པའི་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པ་དང་། དབྱངས་གསལ་བླ་སྲོག་འཛིན་གྲྭའི་སློབ་གྲོགས་གདུགས་དཀར་སྐྱིད་ལ་ཨང་གཉིས་པའི་བྱ་དགའ་ཐོབ། རིགས་ལམ་རྣམ་སད་འཛིན་གྲྭའི་སློབ་གྲོགས་དཔུང་མེས་ལ་འཛིན་རིམ་གཉིས་པའི་བྱ་དགའ་ཨང་གསུམ་པ་ཐོབ།   གངས་རིའི་སྐར་རྒྱན་འཛིན་གྲྭའི་སློབ་གྲོགས་ཚུལ་ཁྲིམས་དཔལ་མོར་འཛིན་རིམ་དང་པོའི་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ལྔ་རིག་ལྷག་བརྩོན་འཛིན་གྲྭའི་སློབ་གྲོགས་ཀླུ་མོ་སྒྲོལ་མར་ཨང་གཉིས་པའི་བྱ་དགའ་ཐོབ། ལྷག་བསམ་པད་དཀར་འཛིན་གྲྭའི་སློབ་གྲོགས་ཟླ་བ་བཟང་མོར་ཨང་གསུམ་པའི་བྱ་དགའ་ཐོབ།

གསར་འགོད་པ།  གཡོན་གཞིས་ནོར་སྟོབས་ཀྱིས།

༢༠༢༢ .༤.༢༣


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2022-04-23 ལྟ་ཀློག (14723)