​ཨེ་ལོན•མཱ་སི་ཁིའི་ངོ་མཚར་བའི་མི་ཚེ།

 ཨེ་ལོན•མཱ་སི་ཁིའི་ངོ་མཚར་བའི་མི་ཚེ།

ཡིག་སྒྱུར་བ། གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།

 1 སྟོང་བསམ་གྱི་རྒྱལ་སྲས།

        གལ་སྲིད་མི་ཞིག་གིས་ཁྱེད་ལ་དུས་རབས21པའི་དུས་འགོར་ཁོ་བོས་མཁའ་སྐྱོད་འཕུར་མདའ་བཟོས་ཏེ་སྤྱི་ལོ2026ལོར་མིའི་རིགས་སྐར་མ་མིག་དམར་སྟེང་སྐྱེལ་ནས་འཚོ་བ་རོལ་བར་བྱེད་པ་དང་།ཁོས་གློག་ཤུགས་ངོ་མའི་རླངས་འཁོར་ལས་ཏེ་འབར་སྣུམ་གྱི་རླངས་འཁོར་འགྲོ་ས་མེད་པར་བྱེད་པ་དང་། ཡང་ཁོ་རང་གིས་འཕྲུལ་ཆས་ཀྱི་ཀླད་པ་གསར་གཏོད་བྱས་ཏེ་སྐད་བརྡའི་མ་ལག་མི་དགོས་པར་མི་དང་མིའི་བར་ལ་ཀླད་ཆེན་གྱི་བརྡ་རྟགས་ལ་བརྟེན་ནས་འབྲེལ་འདྲིས་བྱེད་ཐུབ་པ་ཞིག་བཟོ་ངེས་ཡིན་ཞེས་བཤད་ན། ཧ་ལམ་ཁྱེད་ཀྱིས་འདི་ནི་སྨྱོན་པ་ཞིག་གོ་སྙམ་སྲིད།
 
        ཡིན་ནའང"སྨྱོན་པ"འདིས་རང་གི་བྱ་སྤྱོད་ངོ་མ་དེས་ཁོ་རང་སྨྱོས་མེད་པར་མ་ཟད་སྐྱེས་ཐོབ་ཀྱི་ཤེས་རབ་དང་ལྡན་པ་བདེན་དཔང་བྱས་ཡོད་དེ། མི་དེའི་མིང་ལ་ཨེ་ལོན•མཱ་སི་ཁི་ཟེར་ཞིང་མི་ལུས་ཀྱི་རིན་ཐང(身价)ཨ་སྒོར་དུང་ཕྱུར12000ཡིན་པས་ངོ་གནོང་མི་དགོས་པའི་འཛམ་གླིང་གི་ཕྱུག་བདག་ཆེ་ཤོས་སུ་ཆགས་ཡོད།

2 མཱ་སི་ཁིའི་ཡོང་འབབ་དང་བོ།

        སྤྱི་ལོ1971ལོའི་ཟླ6པའི་ཚེས28ཉིན། མཱ་སི་ཁི་ཧྥེ་གླིང་ལྷོ་མའི་རྒྱལ་ཁབ་ཏུ་སྐྱེས། རང་ལོ24སྟེང་ཁོས་ཐོག་མའི་བྱ་བཞག་གསར་བ་ལས་འགོ་བརྩམས་པ་དང་སྟེས་དབང་གིས་ཨ་སྒོར་ཁྲི2000འཚོལ་ཐུབ་པ་བྱུང་བས། སྤྱིར་ཡིན་ན་ཁོ་རང་གིས་རླངས་འཁོར་རྫིག་པོ་སོགས་འཇིག་རྟེན་གྱི་བདེ་དགའ་མཐའ་དག་ལོངས་སུ་སྤྱད་དེ་སྡོད་བསམ་མོད། འོན་ཀྱང་མཐའ་མཇུག་ཁོས་སྐྱེ་བོ་གཞན་དག་ལ་ཡང་བསྐྱར་སློབ་ཁྲིད་ཐེངས་ཤིག་བྱས་ཡོད་དེ། མ་གཞི་མཱ་སི་ཁི་ནི་རྣམ་དཔྱོད་ཤིན་ཏུ་ཡངས་པས་གཞན་ལས་ཁྱད་དུ་འཕགས།

 
       སྤྱི་ལོ2000ལོའི་གཡས་གཡོན་ཙམ་ལ། མཱ་སི་ཁིས་ཡང་བསྐྱར་བྱ་བཞག་ཅིག་གི་འགོ་བརྩམས་ཏེ་གློག་རྡུལ་དངུལ་སྤྲོད་ཚོང་སྟེགསPAYPALནང་དུ་མ་རྐང་བཏང་བ་དང་ཐེངས་འདིར་ཐད་ཀར་ཨ་སྒོར་དུང་ཕྱུར2ཙམ་གྱི་ཁེ་བཟང་རག་ཐུབ་པ་བྱུང་བས་མི་རྣམས་ཧང་སངས་དགོས་པར་གྱུར།
  3 རང་ཉིད་ཀྱིས་བཟོས་པའི་མཁའ་སྐྱོད་འཕུར་མདའ།
       སྤྱི་ལོ2001ལོར། ཁོས་གློ་བུར་དུ་གལ་སྲིད་སྐར་མ་མིག་དམར་སྟེང་དུ་དྲོད་ཁང་ཞིག་བསྐྲུན་པ་ཡིན་ན་དེའི་ནང་དུ་འགྲོ་བ་མིའི་རིགས་འཚོ་སྡོད་བྱེད་ཐུབ་བམ་སྙམ་པའི་བསམ་ཚུལ་ཁྱད་པར་བ་ཞིག་བྱུང་བ་དང་། བསམ་ཚུལ་འདིས་ཁོ་རང་འཇིགས་རུང་གི་གནས་ཤིག་ཏུ་བསྐྱལ་བ་རེད། ཁོས་རང་ཉིད་ནི་སྐྱེ་ཐོབ་ཀྱི་ཤེས་རབ་དང་ལྡན་པ་ཞིག་ཡིན་སྙམ་པའི་ང་རྒྱལ་གྱིས་སྒོར་དུང་ཕྱུར་ལྷག་གི་འགྲོ་སོང་བཏང་སྟེ་རང་གི་སྙིང་སྟོབས་དང་ཤེས་རབ་ལ་ཡང་བསྐྱར་བདེན་དཔང་གསལ་སྟོན་ཞིག་བྱ་སྙམ་པ་རེད། འདི་ལྟར་མཱ་སི་ཁི་ལོ་རྗེས་མ་དེའི་དཔྱིད་ཀར་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་སོང་ནས་ཨུ་རུ་སུའི་མི་ལ་རང་གི་ཕུགས་འདུན་འཆར་གཞིའི་ནང་མཉམ་ཞུགས་བྱས་ཏེ་རང་ཉིད་ལ་མཁའ་སྐྱོད་འཕུར་མདའ་ཞིག་བཟོ་བའི་རེ་བ་བཏོན། ཨུ་རུ་སུའི་མིས་ཁོའི་སྐད་ཆ་ལ་ཉན་རྗེས་ཁྲེལ་དགོད་བྱས་ཤིང་འདི་ནི་ཨ་རིའི་ས་ཆ་གང་ཞིག་ནས་འོངས་པའི་སྨྱོན་པ་ཞིག་མ་ཡིན་ནམ། ལམ་སང་གནས་སྤོ་ཡུལ་མིའི་ལས་ཁུངས་ལ་རྩིས་སྤྲོད་བྱས་ཏེ་ཕྱིར་བསྐྱལ་དགོས་པ་དང་གལ་ཏེ་འགོར་འགྱངས་བྱས་ཚེ་འཛིན་བཟུང་བྱེད་ངེས་ཡིན་ཞེས་བཤད།
 
      མཱ་སི་ཁིས་གཏམ་དེ་ཐོས་མ་ཐག་སེམས་སུ་མ་དགའ་བ་བྱུང་བ་དང་རང་གི་འདི་ལྟ་བུའི་རླབས་ཆེན་གྱི་འཆར་གཞི་ལ་མཐོང་ཆུང་འདི་འདྲ་བྱས་སོང་། ད་ནི་ཕྱིར་ལོག་སྟེ་རང་ཉིད་ཀྱིས་བྱ་བཞག་འདི་འགྲུབ་པར་བྱེད་པ་ལས་ཐབས་ཅི་ཡོད་སྙམ། ཕྱིར་ལོག་པའི་གནམ་གྲུའི་ནང་དུ་ཁོས་རང་ཉིད་ཀྱིས་མཁའ་སྐྱོད་འཕུར་མདའ་བཟོ་བའི་འཆར་གཞི་དེ་གསལ་བསྒྲགས་བྱས་པ་དང་རང་གི་མ་དངུལ་བཏང་ནས་མིང་དུ་གྲགས་པའིspaceXམཁའ་སྐྱོད་འབབ་ཚིགས་གསར་གཏོད་བྱས། དོན་འདིས་ཀྱང་མི་ནི་རང་གིས་རང་ཐབས་ཟད་འུ་ཐུག་གི་གནས་སུ་མ་བསྐྱལ་ན་ནམ་ཡང་རང་ཉིད་ནི་ཇི་འདྲའི་གླེན་རྨོངས་ཤིག་ཡིན་པ་རྟོགས་མི་ཐུབ་པ་གསལ་བཤད་བྱས་ཡོད།
 4 རེ་ཐག་ཆད་པའི་ལོ་ངོ་དྲུག
       མཱ་སི་ཁི་ནི་རིག་སྟོབས་ཆེ་བར་མ་ཟད་རང་གཅུན་གྱི་སེམས་ཁམས་ཀྱང་ཧ་ཅང་ལེགས་ཤིང་ཁྱད་དུ་འཕགས་པའི་དབུ་ཁྲིད་ཀྱི་གཤིས་ཀ་དང་རང་སེམས་གསོ་བའི་ནུས་པ་དེས་མགྱོགས་མྱུར་ངང་། ཕུལ་དུ་བྱུང་བའི་བཟོ་སྐྲུན་མཁས་པ་མང་བོ་ཞིག་ཁོ་རང་གི་འཁྲིས་སུ་འདུ་བར་བྱས་ཤིང་རེ་བའི་རྨི་ལམ་གྱི་ལམ་ཆེན་དེའི་ཕྱོགས་སུ་རྒྱང་སྐྱོད་བྱེད་འགོ་བརྩམས། ཡིན་ནའང་དེའི་རྗེས་ཀྱི་ལོ་ངོ་དྲུག་རིང་གི་དཀའ་སྡུག་ནི་སུས་ཀྱང་བསམ་པའི་ཡུལ་འགོངས་པ་ཞིག་ཡིན།
       སྤྱི་ལོ2006ལོའི་ཟླ3པར། ལོ་ངོ་བཞིའི་རིང་འབད་བརྩོན་ལྷོད་མེད་བྱས་པའིspaceXམཁའ་དབྱིངས་འབབ་ཚིགས་ཀྱི་ཐོག་མའི་བརྩམས་ཆོས་ཏེ་རྔོན་ཁྲ་ཨང་རྟགས་དང་བོ་གཞི་ནས་འཕེན་བྱེད་སྟེགས་བུའི་སྟེང་ཡར་བསླངས་པ་དང་། དེ་ནས་གནམ་ས་སྒུལ་བའི་འུར་སྒྲ་དང་ལྷན་དུ་མི་རྣམས་ཀྱི་མཐོང་ལམ་དུ་མངོན་པ་ནི་གཏོས་ཆེ་བའི་ཤོག་སྦག་ཅིག་མེ་ལ་སྒྲོན་པ་དང་མཚུངས་པར་འགས་གཏོར་ཕམ་ཉེས་བྱུང་།
 

       འཕྱ་སྨོད་དང་ཟུར་ཟ་བྱེད་པའི་སྨྱན་གཟུགས་གསར་འགོད་པ་མང་བོའི་མདུན་དུ། མཱ་སི་ཁིས་ནི་འཛུམ་ཙམ་བྱས་ཏེ་བཤད་དོན། འདིའི་མིང་ལ་ཡིད་རྟོན་རུང་བའི་ཚོད་ལྟ་ཟེར་བ་ཁྱེད་ཅག་གིས་ཤེས་སམ། གལ་སྲིད་འགས་གཏོར་བྱུང་མ་ཐུབ་པ་ཡིན་ན་རྦད་དེ་བེད་སྤྱོད་མེད་པར་གྱུར་བ་རེད་ཅེས་བཤད།

  སྤྱི་ལོ2007ལོར། མགོ་མི་སྒུར་ཞིང་དཔའ་མི་ཞུམ་པའི་མཱ་སི་ཁིས་འཕུར་མདའ་ཐེངས་གཉིས་པ་འཕེན་གཏོང་བྱས་པ་དང་དེའང་བར་སྣང་དུ་འགས་གཏོར་བྱུང་ནས་ཕམ། སྐབས་དེར་ཁོ་རང་ཅུང་ཡིད་ཆད་པར་གྱུར་བ་དང་འཕུར་མདའ་ཤོག་སྦག་བཞིན་ཕམ་ཉེས་བྱུང་བར་མ་ཟད་སྒོར་ཁུག་ནང་གི་ཨ་སྒོར་དག་ཀྱང་སྐད་ཅིག་རིང་རྡུལ་དུ་གྱུར། མཱ་སི་ཁིས་ངོ་གདོང་བྱིལ་བྱིལ་ཙམ་བྱས་རྗེས་ཡང་བསྐྱར་ཚོད་ལྟ་ཐེངས་ཤིག་བྱེད་པར་སེམས་ཐག་བཅད་པ་དང་། སྤྱི་ལོ2008ལོའི་ཟླ8པར། spaceXའཕུར་མདའ་ཐེངས་གསུམ་པ་དེ་འཕེན་གཏོང་བྱས། འགོ་རྩོམ་དུས་ཡོད་ཚད་བདེ་ལེགས་ཡིན་པ་དང་འཕུར་མདའ་མཁའ་དབྱིངས་སུ་འཕགས་པར་ཐད་གཏོང་བྱེད་པའི་ལྟད་མོ་བའི་སྡེས་དགའ་འབོད་བྱས། ཡིན་ནའང་ཁོ་ཚོ་དགའ་བ་སྔ་དྲགས་སོང་། འཕུར་མདའི་རིམ་པ་དང་བོ་དང་གཉིས་པ་སོ་སོར་གྱེས་པའི་སྐད་ཅིག་མའི་ཡུན་ལ་གློ་བུར་དུ་ཆག་སྐྱོན་བྱུང་ནས་ཡང་བསྐྱར་ཕམ་ཉེས་བྱུང་བ་རེད། སྐབས་དེར་མཱ་སི་ཁི་ལྟ་ཅི། ལས་གཞི་འདིའི་གསར་གཏོད་པའི་སྡེ་ཡོངས་ཡིད་ཕམ་སྟེ་མིག་ཆུ་ལྷུང་བ་དང་འདི་ནི་ཇི་འདྲའི་དཀའ་ཁག་ཆེ་བ་ལ་ཨང་། ཉིན་མཚན་མང་བོའི་རིང་དཀའ་སྤྱད་འབད་བརྩོན་བྱས་ཏེ་རང་གི་སྐྲ་ལོ་ཅི་ཙམ་ས་རུ་ཟགས་ཡོད་དམ་སྙམ་ནས་སེམས་སུ་ན་ཟུག་ཚད་མེད་སྐྱེས།

   མིག་སྐྲང་བའི་སྟེང་ལ་ཁུར་ཚུར་ཞེས་པའི་དཔེ་བཞིན། སྤྱི་ལོ2008ལོར་འཛམ་གླིང་ཡོངས་སུ་དངུལ་རྩའི་ཉམས་ཉེན་བྱུང་སྟེ་ཨ་རིའི་དཔལ་འབྱོར་ལ་ཉམས་རྒུད་ཐེབས་པས་མཱ་སི་ཁིའང་དཀའ་ཁག་ཆེན་པོ་ལ་འཕྲད། འདི་ནི་བློ་སྤོབས་ཡོད་མེད་ཀྱི་གནད་དོན་ཞིག་མ་ཡིན་པར་ལྟོ་རྒྱབ་འདང་མིན་གྱི་གནད་དོན་ལ་ཐུག་ཡོད་པས། མཱ་སི་ཁི་རང་གི་ལས་གྲོགས་དཔུང་སྡེའི་གྲས་སུ་སོང་ནས་ཚང་མར་སེམས་གསོ་བྱེད་དོན། སྐྱོན་མི་འདུག གང་ལྟར་སྒོར་མོ་ཁྱེད་རང་ཚོའི་མ་རེད། ང་ལ་ཡིད་ཆེས་དང་རྒྱབ་སྐྱོར་གནང་རོགས་ཞེས་བཤད།

 

  སྐད་ཆ་འདིས་དཔུང་སྡེ་ལ་རེ་བ་དེ་ཙམ་ཞིག་སྟེར་མ་ཐུབ་པ་དང་སྐབས་དེར་མཱ་སི་ཁི་ནི་ཅི་ཡང་མེད་པའི་སྤྲང་ནག་ཏུ་གྱུར་བ་ཚང་མས་ཤེས་ཡོད། ཁོ་རང་འདི་ལྟར་སྒོར་མོ་གཅིག་ཀྱང་མེད་པའི་དཔལ་འབྱོར་གྱི་དཀའ་སྡུག་གནས་སུ་ལྷུང་ཟིན་པས་ཆུང་མའི་ཕ་མ་གཉིས་ཀྱི་སྡོད་ཁང་གི་ས་འོག་གི་ཁང་བར་མི་འདུག་ཐབས་མེད་བྱུང་བ་དང་ཅང་མ་འགོར་བར་ཆུང་མའང་ཁོ་དང་གཉེན་འཐོར་བྱས། དུས་སྐབས་དེ་ལ་མཱ་སི་ཁི་ནི་ཧ་ལམ་འཛམ་གླིང་ཡོངས་ཀྱིས་ཐལ་བ་བཞིན་དོར་ཟིན་པ་དང་། ལོ་ངོ་བཅུ་ཙམ་གྱི་ཕྱིས་སུ་ཁོས་སྐབས་དེ་དུས་ཀྱི་ལོ་ཟླ་གླེང་སྐབས་གད་མོ་དགོད་བཞིན་ངུ་སྙིང་སྐྱེས་པ་རེད།

 5 མཐའ་མཇུག་གི་འབད་བརྩོན།

        སྤྱི་ལོ2008ལོའི་ལོ་སྟོད་ལ། མཱ་སི་ཁིས་རང་གི་ཁང་ནོར(房产)ཡོད་ཚད་བཙོངས་པ་དང་སྒོར་མོ་ཡོད་ཚད་ཁེ་ལས་སྡེ་ཁག་གཉིས་ཀྱི་འཁོར་སྐྱོད་ཚོང་གཉེེར་ཁྲོད་མ་རྐང་བཏང་ནས་ཆེས་མཐའ་མཇུག་གི་འབད་བརྩོན་ལ་གྲ་སྒྲིག་བྱས། གང་ལྟར་རང་གིས་གདམ་གསེས་བྱས་པའི་ལམ་དུ་གོག་ནས་བགྲོད་དགོས་ཀྱང་འགྲོ་དགོས། གལ་ཏེspaceXཐེངས་བཞི་བའང་ལེགས་འགྲུབ་མ་བྱུང་ཚེ་ཁོ་རང་ནི་ཞག་མ་གཅིག་གི་ཡུན་ལའང་བཅིངས་འགྲོལ་སྔོན་གྱི་འཚོ་བའི་ནང་ལྷུང་སྲིད་ལ་བུ་ལོན་མང་བོ་གཅིག་ཐོག་གཉིས་བརྩེགས་ཡིན།
 
       སྤྱི་ལོ2008ལོའི་ཟླ9བའི་ཚེས28ཉིན། མཱ་ཁི་སིས་རང་ཉིད་ཀྱི་རེ་བ་ཡོད་ཚད་བཅོལ་བའི་འཕུར་མདའ་བཞི་བ་འཕེན་གཏོང་བྱས། འགོ་བརྩམས་ནས་ཡུན་རིང་མ་འགོར་བར་འཕུར་མདའ་དངོས་སུ་རྒྱུ་སྐར་འཁོར་ལམ་དུ་བདེ་ལེགས་འཛུལ་བའི་སྐད་ཅིག་མ་དེར། གཞི་ནས་ལེགས་འགྲུབ་བྱུང་བས་མི་ཚང་མ་སེམས་འགུལ་ཐེབས་ནས་མིག་ཆུ་ཤོར་བ་དང་མཱ་སི་ཁི་ནི་དེ་བས་ཀྱང་གདོང་ཡོངས་མཆི་མས་ཁེབས་པ་རེད། ཁོ་རང་གི་བློ་བརྟན་འགྱུར་མེད་སྒོས་འབད་བརྩོན་ལྷོད་མེད་བྱས་པ་དེས་ལས་བཟོ་བ་མི500ཡོད་པའི་ཁེ་ལས་སྡེ་ཁག་འདིས། གཞི་ནས་རྒྱལ་ཁབ་ཀྱི་བཟོ་སྐྲུན་ཆེན་མོ་ཞིག་ཡོངས་འགྲུབ་བྱས་ཡོད།
      དེའི་རྗེས་སུspaceXམཁའ་དབྱིངས་འབབ་ཚིགས་ཀྱིས་མིང་དུ་གྲགས་པའིNASAསྡེ་ཁག་ནས་ཨ་སྒོར་དུང་ཕྱུར16གི་ལས་གཞི་ལེན་ཐུབ་པ་བྱུང་ཞིང་། དེ་ནས་རིམ་གྱིས་འཛམ་གླིང་ཡོངས་ཀྱི་འཇིག་རྟེན་འཕུར་སྐྱོད་ལས་གཞིའི་ཆེས་བརྟན་འཇགས་ཡིན་པའི་འཁོར་སྐྱོད་ཚོང་གཉེར་གྱི་བྱ་བཞག་ཐད་ལེགས་འགྲུབ་རབས་དང་རིམ་པར་བྱུང་བ་དེས། མཱ་སི་ཁིའི་ལོ་ན་གཞོན་པའི་དུས་སུ་འཛམ་གླིང་སྒྱུར་བཅོས་བྱེད་འདོད་པའི་འདུན་པ་དེ་ལ་སྔ་ན་མེད་པའི་སྟོབས་ཤུགས་བསྩལ་ཡོད།
 6 གཏམ་རྒྱུད་ད་དུང་མཇུག་རྫོགས་མེད།
      དུས་ད་ལྟའང་ཁོ་རང་གི་ལེགས་འགྲུབ་ནི་སྔར་བཞིན་མཇུག་རྫོགས་མེད་དེ། ཐི་སི་ལཱ་གློག་སྒུལ་རླངས་འཁོར་གྱི་ཕྱིར་འཚོང་གི་གྲངས་འབོར་དང་ཁེ་སྤོགས། འཛམ་གླིང་གི་ནུས་ཁུངས་གསར་བའི་རླངས་འཁོར་ཚོང་རའི་གོ་གནས་ཨང་དང་བོ་བརྟན་པོར་བཟུང་བ་དང་། spaceXརྗེས་མཐུད་ཀྱི་སྐར་མའི་གོ་ལའི་འཆར་གཞི་སྦྲེལ་མ། མེ་ཤུགས་འཕུར་མདའ་ཕྱིར་བསྡུ་འཆར་གཞི། གློག་གི་ཀླད་པའི་མཐུད་སྦྲེལ་ཞིབ་འཇུག་སོགས་ཡོད་དོ་ཅོག་བདེ་ལེགས་ངང་ཡར་རྒྱས་སྐུལ་སྤེལ་བྱེད་བཞིན་ཡོད།
 
       སྤྱི་ལོ2026ལོར་སྐར་མ་མིག་དམར་སྟེང་མི་གནས་སྤོ་བྱེད་པ་ནི་ཧ་ལམ་མི་སྲིད་པའི་གནས་ཤིག་ཡིན་ནའང་མཱ་སི་ཁིའི་རླབས་ཆེ་བའི་གྲུབ་འབྲས་དང་རིན་ཐང་ནི་འགྲན་པའི་ཟླ་དང་བྲལ་ཞིང་། ཁོ་རང་གིས་མིའི་རིགས་ཀྱི་ཚན་རྩལ་སྔོན་ཐོན་ཅན་དང་འཚོལ་ཞིབ་ཐད་བླ་ན་འབར་བའི་ལག་རྗེས་བཞག་ཡོད། སྐྱེས་ཐོབ་ཀྱི་ཤེས་རབ་ལས་བྱུང་བའི་ངོ་མཚར་བའི་གྲུབ་འབྲས་ནི་སྐབས་རེ་འགར་ཧུར་བརྩོན་ཐེངས་ཤིག་ལའང་རག་ལས་ཡོད།
 
       མཐར། རྩོམ་པ་བོས་ཐམས་ཅད་ལ་བརྗོད་འདོད་པ་ནི། ཕུགས་བསམ་གྱི་ཁ་ཕྱོགས་མ་ནོར་བར་འབད་བརྩོན་རྒྱུན་འཁྱོངས་བྱས་ཚེ་མ་འོངས་པ་ན་ཁྱེད་ཀྱིས་ད་ལྟའི་རང་ཉིད་ཀྱི་འབད་བརྩོན་ལ་ཐུགས་རྗེ་བཀའ་དྲིན་ཞུ་དགོས་པའི་དུས་ཤིག་ཀྱང་འོང་སྲིད་ཨང་།

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-04-14 ལྟ་ཀློག (11268)