ཨ་རིའི་རྒྱལ་ཁབ་འཛུགས་མཁན་ཧྭ་ཧྲེང་ཏུན།


༄༅།།ཨ་མེ་རི་ཁའི་རྒྱལ་ཁབ་འཛུགས་མཁན་ཧྭ་ཧྲེང་ཏུན།


   ཆའོ་ཀྲི་ཧྭ་ཧྲེང་ཏུན་ནི(སྤྱི་ལོ1732-1799ལོ)ཨ་མེ་རི་ཁ་རྒྱལ་ཁབ་ཀྱི་ཙུང་ཐུང་ཐོག་མ་ཡིན་ལ། ཁོང་གིས་ཨ་མེ་རི་ཁའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་རང་བཙན་དམག་འཁྲུག་ལ་རྒྱལ་ཁ་བླངས། དུས་མཚུངས་སུ་ཨ་མེ་རི་ཁ་རྒྱལ་ཁབ་ཀྱི་སྤྱི་ཚོགས་ལམ་ལུགས་དང་འཚོ་བ་རོལ་སྟངས། སྲོལ་རྒྱུན་རིག་གནས་སོགས་གསར་འཛུགས་བྱས་པས་ཁོང་ལ་འཐབ་འཁྲུག་གི་མི་ཐོག་མ་དང་ཞི་བདེའི་མི་ཐོག་མ། རིགས་མཐུན་སྤུན་ཟླའི་སེམས་ཁོང་གི་མི་ཆེན་སོགས་ཀྱི་མཚན་སྙན་ཐོབ། རྗེས་སུ་ཁོང་ལ་དྲན་གསོ་བྱེད་ཆེད་རྒྱལ་སའི་མིང་ལའང་ཧྭ་ཧྲེང་ཏུན་ཞེས་བཏགས། ཁོང་གིས་ཆེད་ལས་རང་བཞིན་གྱི་སློབ་གསོ་མྱངས་མེད་ནའང་རང་ཉིད་ཀྱི་འདེབས་འཛུགས་ར་བའི་དངོས་ཐོག་ལག་ལེན་བརྒྱུད་ནས་ས་ཞིང་ཚད་འཇལ་དང་སྒོ་ཟོག་གསོ་བ། དུ་བ་འདེབས་འཛུགས་སོགས་ཀྱི་ལག་རྩལ་ཁོང་དུ་ཆུད་ལ། དེའི་གོ་རིམ་ཁྲོད་བྱ་བ་གང་བསྒྲུབས་ཀྱང་འགན་འཁྲིའི་འདུ་ཤེས་ལྡན་པ་དང་གཟབ་ནན་ཡིན་པའི་སྤྱོད་བཟང་ཡང་ཆགས།

   ཧྭ་ཧྲེང་ཏུན་ལོ་བཅུ་དྲུག་ནས་བཟུང་ཁྱིམ་མི་དང་ལྷན་ཅིག་མཐའ་འཁོབ་ཀྱི་ཡུལ་དུ་སོང་ནས་ཞིང་ས་ཚད་འཇལ་གྱི་ལས་ལ་ཞུགས་པ་དང་སྐབས་དེར་འཚོ་བའི་ཆ་རྐྱེན་ཧ་ཅང་ཞན། ཉིན་ཞིག་གི་དགོང་མོར་དྲག་ཆར་བབས་ཏེ་ཁོང་ཚོའི་སྦྲ་གུར་བསྣུབས་པས་ཞག་གང་བོར་ཆར་ནང་དུ་ལུས། ཡང་ཐེངས་ཤིག ཧྭ་ཧྲེང་ཏུན་གྱི་རྩྭ་ཞྭ་མེར་འབར་ཡང་སྟབས་ལེགས་པ་ཞིག་ལ་ལུས་ཀྱི་ལྭ་འཚིག་པ་མ་གཏོགས་སྲོག་ལ་ཉེན་ཁ་མ་ཐེབས། འདི་དང་འདི་ལྟ་བུའི་དཀའ་སྡུག་གང་མང་ལ་འཕྲད་ཀྱང་ཁོང་གིས་མགོ་བོ་གཏན་ནས་མ་བསྒུར་བར་བརྩོན་འགྲུས་ཀྱི་རྒྱུན་བསྐྱངས་ཏེ་ས་ཞིང་ཚད་འཇལ་གྱི་བྱ་བ་དེ་མུ་མཐུད་དུ་བསྒྲུབས་ཤིང་བྱ་བའི་གོ་རིམ་ཁྲོད་ས་དབྱིབས་དང་ས་ངོས་ཆགས་ཚུལ། ས་གཤིས། ཐོན་ཁུངས། ཡུལ་སྲོལ་དམངས་འཚོ་སོགས་ཟིན་ཐོར་བཀོད་པས་ཁོང་གི་རྗེས་ཕྱོགས་ཀྱི་བྱ་གཞག་ལ་གཞལ་མེད་ཀྱི་རྨང་གཞི་བཏིང་།

   1775ལོར་མེ་གླིང་བྱང་མའི་རང་དབང་དམག་འཁྲུག་གི་མགོ་བརྩམས་རྗེས། སྐབས་གཉིས་པའི་སྐམ་སའི་ཚོགས་འདུ་བརྒྱུད་ནས་ཧྭ་ཧྲེང་ཏུན་སྐམ་དམག་གི་སྤྱི་ཁྱབ་བཀོད་འདོམས་པར་བསྐོས། དམག་འཁྲུག་སྐབས་སུ་ཁོང་གི་ལྷག་བསམ་རྣམ་དག་དང་བློ་བརྟན་འགྱུར་མེད་ཀྱི་ངང་ཚུལ་ཚང་མས་མིག་དཔེ་རུ་བརྩིས་ལ། 1789ལོའི་ཟླ4བར་ཧྭ་ཧྲེང་ཏུན་ཨ་མེ་རི་ཁ་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་ཐོག་མར་བདམས་ཐོན་བྱུང་བར་མ་ཟད། ལོ་བཞིའི་རྗེས་སུ་ཡང་བསྐྱར་ཙུང་ཐུང་ལ་བདམས། ཁོང་གིས་ཨ་མེ་རི་ཁའི་རྒྱལ་ཁབ་འཛུགས་པ་དང་དཔལ་འབྱོར་གོང་འཕེལ། དམངས་གཙོ་ཁྲིམས་ལུགས་འཛུགས་སྐྲུན། རྒྱལ་ཕྲན་མཉམ་འབྲེལ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་སོགས་ཀྱི་ཐད་ལ་བྱས་རྗེས་རླབས་ཆེན་བཞག་པས་ཨ་མེ་རི་ཁའི་མི་རྣམས་ཀྱིས་ཁོང་ལ་རྒྱལ་ཁབ་ཀྱི་ཡབ་ཆེན་ཞེས་འབོད། 1797ལོར་ཁོང་གིས་སྐབས་གཉིས་ཀྱི་ཙུང་ཐུང་གི་འགན་བཞེས་ཚར་རྗེས་ཡང་བསྐྱར་ཙུང་ཐུང་འདེམས་བསྐོ་ལ་མ་ཞུགས་པར་ཕྱིར་རང་ཡུལ་དུ་ལོག་ཅིང་། བྱ་སྤྱོད་དེས་ཨ་མེ་རི་ཁའི་ཆབ་སྲིད་གཙོ་འཛིན་གྱིས་རང་འགུལ་ངང་དབང་ཆ་སྤྲོད་པའི་སྲོལ་འབྱེད་པ་དང་ཨ་མེ་རི་ཁ་རྒྱལ་ཁབ་ཀྱིས་སྲོལ་དེ་ད་ལྟའི་བར་དུ་སྐྱོང་བཞིན་ཡོད།



རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-04-04 ལྟ་ཀློག (4211)