སའི་གོ་ལའི་ཆུ་ཚོད་གཅིག་གི་བྱ་འགུལ་གྱི་འབོད་སྐུལ།



སའི་གོ་ལའི་ཆུ་ཚོད་གཅིག་གི་བྱ་འགུལ་གྱི་འབོད་སྐུལ།

གྱི་ལིང་འཇིགས་མེད། 

 སའི་གོ་ལའི་ཆུ་ཚོད་གཅིག་ཅེས་པ་ནི་འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པས་འཛམ་གླིང་སྤྱིའི་མཁའ་དབུགས་ཀྱི་འགྱུར་ལྡོག་ལ་དམིགས་ཏེ་རེ་བ་བཏོན་པ་བཞིན་འཛམ་གླིང་ཧྲིལ་བོར་སྤེལ་བཞིན་པའི་བྱ་འགུལ་ཞིག་ཡིན་ལ། དེ་ནི་གྲོན་ཆུང་གི་གོམས་གཤིས་གསོ་སྐྱོང་དང་། ཁོར་ཡུག་གི་ཉེན་ཁ་དྲན་སྐུལ་བྱེད་པའི་བྱ་འགུལ་དོན་སྙིང་ཅན་ཞིག་ཡིན། དེ་ཡང་ལོ་རེའི་སྤྱི་ཟླ་གསུམ་པའི་ཆེས་མཐའ་མཇུག་གི་གཟའ་སྤེན་པའི་ས་སྲོད་ཆུ་ཚོད་བརྒྱད་དང་ཕྱེད་ཀ་ནས་དགུ་དང་ཕྱེད་ཀའི་བར་གྱི་དུས་ཡུན་ཆུ་ཚོད་གཅིག་གི་ཡུན་ལ་གཞུང་སྒེར་ཚང་མས་གློག་སྒོ་ཐམས་ཅད་བརྒྱབས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབས་བྱེད་པ་ཞིག་སྟེ། ང་ཚོས་བཀོལ་སྤྱོད་བྱེད་བཞིན་པའི་གློག་འདི་མང་ཤོས་སོལ་རླངས་དང་དེ་བཞིན་རྫས་འགྱུར་གཞན་པའི་ནང་ན་འདོན་བཞིན་ཡོད་པས། ཆུ་ཚོད་གཅིག་གི་ཡུན་ལ་གློག་གྲོན་ཆུང་བྱས་པ་དེས་ཀྱང་སའི་གོ་ལའི་མཁའ་དབུགས་ཇེ་གཙང་དུ་གཏོང་བར་ཕན་ནུས་ཆེན་པོ་ཐོན་བཞིན་ཡོད།


    བྱ་འགུལ་འདི་ཀྲུང་གོའི་རྒྱལ་ཁབ་ཀྱིས་ཀྱང་2013ལོ་ནས་དང་ལེན་བྱས་ཤིང་། ཁེ་ལས་སྡེ་ཁག་ཆེ་ཤོས་དང་སྲིད་གཞུང་མཉམ་འབྲེལ་སྒོས་སྤེལ་ནས་ཆེས་ཐོག་མར་གྲོང་ཁྱེར་ཆེན་པོ་17 བྱ་འགུལ་འདི་ལ་ཞུགས་པ་ནས་ད་ལྟའི་ཆར་གྲོང་ཁྱེར་ཆེ་བ་ཐམས་ཅད་བྱ་འགུལ་འདིར་ཞུགས་ཡོད། ངེེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་ཀྱང་སྤྱི་ལོ་2016 ལོ་ནས་ད་ལྟའི་བར་ལོ་རེ་བཞིན་བྱ་འགུལ་འདི་སྤེལ་ཅིང་། དགེ་སློབ་ཡོངས་ཀྱིས་ཆུ་ཚོད་གཅིག་གི་ཡུན་ལ་གློག་གཟིམས་པ་དང་། དེ་བཞིན་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་དཔེ་ཆ་ཀློག་པ། དེའི་སྐོར་ནས་འཆད་ཁྲིད་སྤེལ་བ་སོགས་ཀྱི་ལམ་ནས་སློབ་མ་རྣམས་ལ་ཐོན་ཁུངས་གྲོན་ཆུང་གི་བག་ཆགས་ཟབ་མོ་ཞིག་བཞག་ཡོད། 

     རང་རེའི་བོད་ཡུལ་ལ་འཛམ་བུ་གླིང་གི་ཆེས་མཐའ་མཇུག་གི་དག་ཞིང་ཞེས་པའི་མཚན་སྙན་ཡོད་པར་མ་ཟད། འཛམ་བུ་གླིང་གི་ཆུའི་ཐོན་ཁུངས་ཆེས་ཕུན་སུམ་ཚོགས་པའི་ས་ཆ་དང་། དེ་བཞིན་མཁའ་དབུགས་ཆེས་གཙང་བའི་ཡུལ་གྲུ་ཞིག་ཡིན་པས། ང་ཚོའི་གཞོན་སྐྱེས་ཚང་མར་ཆེས་མཐའ་མཇུག་གི་དག་ཞིང་འདིའི་མཚན་སྙན་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཡོད་པ་དྲན་སྐུལ་གནང་ཕྱིར་བོད་ཡུལ་གྱི་དགོན་སྡེ་ཆེ་ཕྲ་ཁག་དང་། སློབ་གྲྭ་ཆེ་འབྲིང་ཚང་མས་བྱ་འགུལ་འདི་སྤེལ་བའི་རེ་བ་སྙིང་ནས་ཞུ། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-04-02 ལྟ་ཀློག (6264)