ཚོང་དཔོན་ནོར་བུ་བཟང་པོ།


  ཚོང་དཔོན་ནོར་བུ་བཟང་པོ།

རྩོམ་པ་པོ།  ཟམ་ཚ་ཚེ་རིང་དོན་གྲུབ། 

    དེ་ཡང་རྒན་མོ་གསེར་འཁུར་གྱི་དུས་ཞེས་པ། དུས་རབས་བཅུ་བཞི་བའི་དུས་དཀྱིལ་ཙམ་ལ། ཡུལ་མདོ་སྨད་རྟའི་ཆོལ་ཁ། སྔོན་ཆད་བཀའ་མ་ལོག་གི་ས་ཆར་འབོད་པ། རྨ་ཆུའི་བྱང་ཕྱོགས་ཀྱི་ས་མ་འབྲོག་གི་གྲོང་གསེབ་ཅིག་ཏུ་སྐུ་འཁྲུངས་ཤིང་། སྐྱེས་དུས་ལག་པ་གཡས་པར་ནས་རྡོག་བྱ་སྲེག་པའི་སྒོ་ང་ཙམ་པ་ཞིག་བཟུང་ཡོད་པར་མི་རྣམས་ངོ་མཚར། མིང་ལ་མ་ཎི་ནོར་བཟང་ཞེས་བཏགས།

    ནོར་བཟང་གིས་ངག་འཁྲོལ་བ་ནས་བཟུང་ཨ་ཕ་ལགས་ཀྱིས་ཡི་གེའི་ཀློག་དང་རྩིས་བརྩི་ཐབས་གང་བསླབས་པ་རྣམས་མྱུར་དུ་ཤེས་ཤིང་། ནམ་རྒྱུན་རྩེད་མོའི་སྐབས་ཀྱང་ཤིང་ཐུར་དང་རྡེའུ་མང་བོ་ཕར་བརྩི་ཚུར་བརྩི་བྱ་བར་དགའ་ཞིང་། བེའུ་ལུག་གི་རྫིར་འགྲོ་དུས་ཁ་གྲངས་ཡང་ཡང་རྩིས་ནས་བོར་སྟོར་མེད་པ་དང་། ཞིང་ཁར་འགྲོ་དུས་རང་གི་གཟུགས་པོ་དང་ཞིང་གི་སྐྱེས་གཟུགས་བསྡུར་ནས་ཉིན་འདི་དག་ལ་འདི་ཙམ་སྐྱེས་ཞེས་ཕ་མ་གཉིས་ལ་བཤད་རྒྱུར་དགའ་བ་ཞིག་ཡིན་ལ། མདའ་གཞུ་ཐོགས་ནས་འབེན་འཛུགས་པ་ཡང་བུ་ཆུང་ནོར་བཟང་གི་རྩེད་མོ་གཙོ་བོ་ཞིག་ཡིན།

    ཁྱིམ་གྱི་ལས་ལ་བྲེལ་བ་མེད་དུས། ཨ་ཕ་ལགས་ཀྱིས་ནོར་བཟང་ཁྲིད་ནས་ལུང་བ་ཕྱི་ནང་གི་རུ་སྡེ་དུ་མར་སོང་སྟེ་མར་ཕྱུར་དང་ཀོ་ལྤགས་ཀྱི་ཚོང་ཙག་ཙིག་བྱས་པར་ནོར་བཟང་ལ་བག་ཆགས་ཟབ་མོ་བཞག་སྟེ་ཚོང་ལས་ལ་སྤྲོ་བ་འཕེལ། ཁོའི་སེམས་སུ་རང་ཉིད་ལག་ཆགས་རྗེས་ཨ་ཕ་ལྟ་བུའི་ཚོང་བ་ཞིག་ཏུ་གྱུར་ན་ཅི་མ་རུང་སྙམ་ནས་རེ་སྨོན་བྱས།

    ཉིན་ཞིག་ཁྱིམ་མཚེ་རྒན་པོ་ཉི་མ་ལགས་ཀྱིས་ནོར་བཟང་ཚུར་བོས་ནས། ཨམ་ཀྱོག་གཉིས་ལག་པས་བཅུར་ནས་ངས་ཁྱོད་ལ་ལྷ་ས་སྟོན་ཟེར་ནས་ཡར་བཀྱགས་ཤིང་། ཨེ་རིག་ཐལ། ཨེ་རིག་ཐལ་ཟེར་བར། ནོར་བཟང་གིས་རིག་ཐལ་རིག་ཐལ་ཟེར་བར་ཐང་ལ་བཞག   དེ་ནས་རྒན་ཉི་མས། བུ་ཆུང་ནོར་བཟང་། ཁྱོད་ནར་སོན་ཚེ་ལས་ཀ་ཅི་ཞིག་བསྒྲུབ་ན་འདོད་ཅེས་བྱམས་བརྩེའི་ངང་དྲིས་པར། ནོར་བཟང་གིས་ཚམ་ཚོམ་མེད་པར་ང་རང་ཨ་ཕ་ལྟ་བུའི་ཚོང་བ་ཆེན་པོ་ཞིག་བྱ་ངེས་ཞེས་ལན་བཏབ་པར། རྒན་ཉི་མ་ལགས་ཀྱིས། བུ་ཆུང་ནོར་བཟང་། སྟག་ཤ་ར་ཚོང་ལ་འགྲོ་དགོས། སྨན་བུ་མོ་གནས་ལ་འགྲོ་དགོས། རང་གི་བློ་རིག་ལ་བརྟེན་ནས་རང་གི་མི་ཚེ་ལ་རྒྱལ་ཁ་ལེན་དགོས། ཚོང་བ་བྱས་ན་དེ་འདྲ་ཡོང་ངེས་རེད་ཅེས་པར། ནོར་བཟང་གི་སྤྲོ་བ་སྔར་ལས་བརྟས་ཤིང་གང་མགྱོགས་ངང་ལག་ཆགས་ན་བསམ།

    ནོར་བཟང་ཕོ་ལོ་བཅོ་བརྒྱད་ལོན་པའི་ཉིན་ཞིག་ཡུལ་མི་ཁ་ཤས་ཉི་མ་ལྷ་སར་འགྲོ་བའི་གཏམ་ཐོས་པ་དང་། ཁོ་རང་ལ་འདུག་མི་བཟོད་པ་ལྟ་བུའི་བྲེལ་བ་ལངས་ནས་ཕ་མ་གཉིས་ལ་དེ་དག་དང་འགྲོགས་ནས་ལྷ་སར་འགྲོ་འདུན་ཡང་ཡང་ཞུས་པར། གནང་བ་ཐོབ་སྟེ་དབུས་རོགས་དུ་མ་དང་ལྷན་ལམ་ལ་ཆས། ལམ་བར་ནས་སྙིང་རུས་ཅན་བཅུ་ཁ་ཞིག་མ་གཏོགས་གཞན་རྣམས་ཕ་ཡུལ་དུ་ཕྱིར་ལོག  ནོར་བཟང་དང་བཅས་པས་འཁྱག་ལྟོགས་དང་ལམ་འཕྲང་གི་དཀའ་སྡུག  གཅན་གཟན་གྱི་འཇིགས་པ་སོགས་ལ་གདོང་ལེན་བྱས་ནས་སོང་། རིམ་གྱིས་རྐང་གི་ལྷམ་ཐེད། རུམ་གྱི་བྲོ་ཚར་ནའང་ཨམ་ཚུགས་བསྡམས་ནས་སོང་སོང་མུར། འབྲོག་པ་ཁྱིམ་ཚང་ཕྱུག་པོ་ཞིག་ལ་ཐུག་ནས་བྲོ་ཁ་བསླངས། ནོར་བཟང་གི་བསམ་པར། ད་རུང་ལམ་ཐག་རིང་། ལམ་རྒྱགས་དང་བྲོ་ཁ་དཀའ། དེ་བས་ང་རང་ཁྱིམ་ཚང་འདིའི་གཡོག་ལ་བསྡད། གཡོག་གླ་ཐམས་ཅད་ལམ་རྒྱགས་སུ་དྲིལ་ནས་དབུས་རོགས་རྣམས་ལམ་པ་བྱས་ན་དགའ་ཨང་སྙམ་བཞིན། བསམ་ཚུལ་རྣམས་ཁྱིམ་བདག་ལ་ཞུས་པར། ཁྱིམ་བདག་གིས་དགའ་བཞིན་སྤྲོ་བཞིན་དུ་ཁས་ལེན་བྱས། དབུས་རོགས་རྣམས་ནོར་བཟང་དང་འབྲལ་མི་ཕོད་པ་ལྟར་ལམ་ལ་ཆས། ནོར་བཟང་གིས་ཕྱུག་པོ་ཚང་གི་མེ་གཡོག་ཐབ་གཡོག་དང་། འོ་མ་དཀྲིགས་པ། ཁལ་འགེལ་བ། ལྕི་བ་འཐུ་བ། མཆིག་སྐོར་བ་སོགས་ལས་འདི་མ་བྱས་ཟེར་བ་ཞིག་མེད་པ་དང་། སྐབས་འགར་རྟ་རྫི། སྐབས་འགར་ལུག་རྫི། མཚམས་མཚམས་ལ་ནོར་རྫི་བྱས་ནས་ལོ་ཕྱེད་ཙམ་སོང་བའི་ཉིན་ཞིག་རྟ་རྫི་བྱས་ནས་དེའུ་འབུར་ཞིག་གི་སྒང་ན་ཡོད་དུས། ནམ་མཐའི་རྒོད་ཅིག་ནོར་བཟང་གི་ཕྱོགས་སུ་གཞོལ་ནས་འཕུར་ཡོང་བ་ལ། རེ་ཐག་ཆད་པ་ལྟ་བུའི་ཉམས་ཤིག་དང་། གཤོག་ཟུང་གིས་ལུས་མ་ཐེག་པའི་ཟོལ་འདྲ་བས་ལྷུང་ལ་ཁད་ཙམ་ནས་ཡར་འཕུར་ཞིང་། ཡང་ལྷུང་ལ་ཁད་ལྟ་བུས་ཡར་འཕུར། ལྡིང་སྐོར་དུ་མ་བྱས་མཐར། གློ་བུར་ཤེད་ཤུགས་རྙེད་པ་ལྟར་གཤོག་ཟུང་ལ་ངར་ལུད། མདའ་མོ་ལྟོང་ནས་ཤོར་བ་བཞིན་ཉི་ནུབ་ཕྱོགས་སུ་འཕུར་སོང་བར།  ནོར་བཟང་གིས་ཨ་ཙི། རྒོད་འདིས་ང་ལ་ལམ་སྟོན་པ་དང་འདྲ་ཨང་སྙམ་ནས།  ཉི་མ་ལྷ་སར་འགྲོ་བའི་སེམས་ཤུགས་དང་བྲེལ་འཚུབ་ལྷན་དུ་གསོས།

   ཁྱིམ་ཚང་དེའི་མཚེར་ས་དབུས་ལམ་ལ་འཁེལ་ཡོད་པས། ཨ་ཇོ་དང་ཚོང་འགྲུལ་བར་མི་ཆད་པར་ཉིན་བཞིན་ཐུག་ཅིང་གཏམ་སྣ་ཚོགས་དྲིས་པར། གཙང་ཕྱོགས་སུ་ཁྲི་ཁོབ་རྒྱལ་བོ་ཟེར་བའི་ཚོང་དཔོན་སྟོབས་ཅན་ཞིག་ཡོད་ཚུལ་ཐོས་པར། ཅི་ནས་ཀྱང་དེའི་རྗེས་སུ་ཞུགས་ནས་ཚོང་སློབ་དགོས་པའི་དམ་བཅའ་སྙིང་ལ་བཞག  ཟླ་བ་ཁ་ཤས་ཀྱི་རྗེས་སུ་ཁྱིམ་བདག་ལ་ལྷ་སར་འགྲོ་སྙིང་ཆེ་བའི་ཚུལ་ཞུས་པར། དེས་ཀྱང་བྱམས་བརྩེ་དང་བཅས་བྲོ་ཁ་འདང་ངེས་ཀྱིས་ལམ་འཇུག་བྱས། ལས་ལམ་ཐུག་ཅེས་པ་ལྟར། ནོར་བཟང་དབུས་ལམ་བརྒྱུད་ནས་ཟླ་ཕྱེད་ཙམ་གྱི་ཉིན་ཞིག་ཚོང་འགྲུལ་ཚན་ཆེ་བ་ཞིག་ལ་ཐུག་པར་ཏག་ཏག་ཚོང་དཔོན་ཁྲི་ཁོབ་རྒྱལ་བོ་ངོ་འཁོར་བཅས་ཡིན་འདུག  དེར་ནོར་བཟང་གིས་གུས་ཕྱག་དང་བཅས་ཚོང་དཔོན་ལ་རྒྱུ་མཚན་རྣམས་དོན་འདུས་ཤིང་ཚིག་འདྲིལ་ཆེ་བས་ཞུས་པར། ཚོང་དཔོན་ལགས་ཀྱང་མི་དཔྱད་ལ་མཁས་པ་ཞིག་ཡིན་པས་ནོར་བཟང་ཚོང་གཡོག་ཏུ་བླངས་སོ། །

    ཏཱ་སི་ཏི་བྱང་ཆུབ་རྒྱལ་མཚན་གྱིས་དཔོན་པོ་བཟང་བོ་ཞིག་ཏུ་འགྱུར་དགོས་ན་ཐོག་མར་གཡོག་པོ་བཟང་བོ་ཞིག་བྱ་དགོས་ཟེར་བ་ནང་བཞིན། ནོར་བུ་བཟང་བོས་ཁྲི་ཁོབ་རྒྱལ་བོར་སྲི་ཞུ་གང་ལེགས་དང་ཅི་གསུང་དང་དུ་བླངས་ནས་ཞབས་འདེགས་བསྒྲུབས་པར། ཁྲི་ཁོབ་རྒྱལ་བོས་ཀྱང་ནོར་བུ་བཟང་བོར་གཟིགས་སྐྱོང་བླ་ལྷག་གིས་འཇིག་རྟེན་མི་ཆོས་དང་མཐུན་པའི་ཚོང་ལས་ཀྱི་བསླབ་བྱ་དུས་དང་དུས་སུ་གནང་ཐོག    སྟོད་ཚོང་འདུས་མགུར་མོ་ནས་སྨད་བ་ཡན་ཚོང་འདུས་བར་དང་། དགུན་ལྷ་སའི་ཁྲོམ་ཐོག་སོགས་ནས་ཚོང་གི་ལག་ལེན་བྱེད་དུ་བཅུག་པར། མཐོང་རྒྱ་དང་ཐོས་རྒྱ་བསྐྱེད། བློ་སྤོབས་དང་འཇོན་ཐང་ཉིན་རེ་བཞིན་རྒྱས་པ་དང་། ཡུལ་ལུང་དུ་མའི་སྐད་ལུགས་ལོབས་ཤིང་། ཁྱད་པར་དུ་ཚོང་འདུས་ནས་རྒྱ་གར་ནག  སོག་པོ་དང་ཡུ་གུར་གྱི་ཚོང་བ་འདྲ་མིན་ལ་འབྲེལ་འདྲིས་བྱས་པའི་ལག་ལེན་ནང་སོ་སོའི་སྐད་རིགས་ཀྱིས་བརྡ་འཕྲོད་པར་གྱུར་ཅིང་། སོ་སོའི་ཡུལ་ཟོག་སྣ་ཚོགས་པས་ནོར་བུ་བཟང་བོའི་ཡིད་སེམས་འཕྲོག་ཅིང་། མི་རྣམས་ལ་ཉེ་བར་མཁོ་བ་སྒྲུབ་པ་དང་མཁོ་རྒུའི་ཡི་ག་འབྱེད་པ་ནི་ཚོང་གི་འགྲོ་ལམ་ཡིན་པའི་གཏན་ཚིགས་དང་ངེས་ཤེས་བརྟན་པོ་རྙེད་དོ། །

   ཉིན་ཞིག་ཕ་མ་གཉེན་ཉེ་དྲན་དྲག་ཅིང་། ཕ་ཡུལ་ལ་འགྲོ་འདོད་འགོག་མེད་ཅིག་སྐྱེས་པ་དང་། ཚོང་དཔོན་ཁྲི་ཁོབ་རྒྱལ་བོ་ལགས་ལ་ཕ་ཡུལ་དུ་ལན་གཅིག་གཏོང་བའི་རེ་བ་ཡང་ཡང་ཞུས་པར། དེས་ཕ་ཡུལ་གད་པ་ཡིན་རུང་སྐྱིད། ཁྱོད་ཀྱི་ཕ་མ་གཉིས་ཀྱང་སྙིང་རྗེ་ཞེས་གནང་བ་ཐོབ་ཐོག་ལམ་རྒྱགས་ལ་གཡག་གསུམ་དང་དྲེལ་གཅིག   སྣམ་ཕྲུག་དང་སྤོས། ཕོར་བ་དང་ས་གདན་སོགས་གནང་སྐྱེས་གྱ་ནོམ་པ་བསྩལ་ནས་ཕ་བུ་ཁ་འབྲལ་ལྟ་བུའི་གདུང་སེམས་དང་བཅས་ནོར་བཟང་ལ་ལམ་པ་བྱས།

   ནོར་བཟང་རྒྱལ་རྩེའི་ཁྲོམ་ཐོག་ལ་ཐོན་ནས་གཡག་དྲེལ་སོགས་རང་གི་ཕ་ཡུལ་ལ་ཉེ་བར་མཁོ་བའི་ཀུར་གུམ་དང་སྣམ་ཕྲུག   གཟིག་སྲམ་དང་གཡུ་བྱུར། ཕྲེང་བ་སོགས་ཁྱེར་བདེའི་ཚོང་རྫས་ལ་བརྗེ་ནས་ཨ་མདོའི་ཕྱོགས་སུ་སླར་ལྡོག་པའི་ཚོང་འགྲུལ་གཞན་དག་དང་སྡེབ་ནས་ཕ་ཡུལ་ལ་ལོག་པའི་ལམ་ལ་ཞུགས།

    ཕ་ཡུལ་དུ་སླེབས་པ་དང་ཕ་མ་གཉིས་གཙོས་པའི་གཉེན་ཉེ་དུ་ཁྱིམ་མཚེ་དང་ཁ་ཡ་ན་ཟླ་མང་བོས་བསུ་སྟོན་རྒྱ་ཆེར་བྱས་ཤིང་། ནོར་བཟང་གིས་ཀྱང་དང་བོ་དབུས་ལ་ཆས་པ་ནས་སླར་ཕ་ཡུལ་དུ་ལོག་པའི་བར་གྱི་མཐོང་ཐོས་མྱོང་གསུམ་ཉིན་མཚན་ཁ་ཤས་ལ་བཤད་པར། ན་ཟླ་མང་བོ་ནོར་བཟང་ལ་ཡིད་སྨོན་སྐྱེས། ཕ་མ་གཉིས་ལ་སེམས་གསོ་ཐོབ། མ་སྲུ་རྣམས་ཀྱི་ཡིད་སེམས་ཀྱི་བུང་བ་གུག  ལུང་བ་ཕྱི་ནང་ཡོངས་ལ་ནོར་བཟང་གི་གཏམ་གྱིས་ཁྱབ། ཉིན་ཞིག་ཀུན་དགའ་ཉི་མ་ཟེར་བ་བློ་རིག་གྲིམས་ཤིང་བརྟན་པ་ཞིག་ཡོད་པ་དེས། ནོར་བཟང་ལ། རང་སྡེ་བའི་ཁ་ཡ་ན་ཟླ་དུ་མ་དཔུང་སྒྲིག་ཏེ་ཁྱེད་ཀྱི་རྗེས་སུ་འབྲངས་ནས་ཚོང་བྱས་ན་ཞེས་གྲོས་མགོ་བཏོན་པར། ན་ཟླ་མང་བོའི་འདོད་ཐོག་ལ་རྟ་རྒྱུགས་ཤིང་། ནོར་བཟང་གིས་ཀྱང་མང་བོ་མཐུན་ན་དོན་ཆེན་འགྲུབ་ངེས་ཞེས་ཁས་ལེན་བྱས། ལོ་དེའི་གཉིས་པའི་བཅུ་གཅིག་སྐར་མ་རྒྱལ་གྱི་ཉིན་ན་ཟླ་རྣམས་ཀྱིས་སྐྱེས་ལྷར་ལྷ་བསངས་བཀྱགས་ཤིང་དུང་བུས།  རྒྱལ་མཚན་རྩེ་མོའི་དཔུང་རྒྱན་དང་མདའ་བསླངས་ནས། སྐྱིད་ཀྱི་རྟ་བོ་མཉམ་ཞོན། སྡུག་གི་ཁུར་བོ་མཉམ་ཁུར་བྱེད་པའི་སྐྱིད་སྡུག་མནའ་གན་མཐུ་མོ་བཞག

    ནོར་བཟང་དང་ཀུན་དགའ་ཉི་མ་ངོ་འཁོར་བཅས་ལ་ལག་རོགས་ལྔ་བཅུ་དང་དྲེལ་རྟ་ལྔ་བརྒྱ་ལྷག་འཛོམས་པ་དང་། གླ་རྩི་དང་ཀུར་གུམ་སོགས་སྨན་སྣ་དང་སྣམ་ཕྲུག  རྭ་གཞུ།  ཚྭ།   ལུག་ལྤགས་དང་།  རྟ་མཛོ་སོགས་གྲོང་ཁྱེར་བཀྲ་ཤིས་ཁྲི་སྒོ་དང་བྱེ་མཁར་རྩེ་སོགས་དར་གོས་སྲང་ལམ་བརྒྱུད་ཚོང་འགྲུལ་ལ་བསྐྱོད་ཅིང་། ཟི་ལང་ནས་ཀ་ཅུ་དང་ཟོང་ཆུ་བརྒྱུད་སྤོས་དཀར་གྲོང་སོགས་ཇ་རྟའི་ཚོང་ལམ་ནས་དཀར་ཡོལ་དང་། ཁ་བཏགས།  སླ་ང་། ཇ་དང་གོས་དར་སོགས་དབུས་ལ་སྐྱེལ་འདྲེན་བྱས་པ་དང་།  ཐེངས་ཤིག་ཁམས་ཕྱོགས་བརྒྱུད་དབུས་ལ་འགྲོ་བའི་སྐབས་ཤིག་སྡེ་འདབས་ཤིག་ནས་སྒར་ཁ་བཏབ་ནས་བསྡད་པ་ལ། རྒན་པོ་ལོ་ལོན་གཉིས་ཡོང་ནས་ཁྱོད་ཚོ་འདིར་བསྡད་ན་ཉེན་ཁ་ཆེ།  ཟླ་བ་ཁ་ཤས་རིང་སྟག་རྒོད་གསུམ་གྱིས་ལུང་བ་འདིའི་ཕུ་མདའ་གང་སའི་ཟོག་ལུག་མི་དང་བཅས་པ་བསད་རྨས་མང་བོ་བྱུང་ཟེར་བར། ནོར་བཟང་གིས་སྐྱོན་མེད། ང་ཚོས་སྟག་རྒོད་འདུལ་ཐབས་བྱ་ཨང་ཟེར་ནས། ས་སྲོས་སུ་ནོར་བཟང་དང་ཀུན་དགའ་ཉི་མ་བཅས་སྡེ་བ་དེའི་འདབས་དང་ཁད་ཉེ་སའི་སྡོང་རྒན་ཞིག་གི་རྩེར་འགོས། གཞུ་བཀང་ནས་སྒུག་བསྡད་པར།  སྟག་རྒོད་གསུམ་ཚམ་ཚོམ་མེད་པར་ནོར་བཟང་གི་སྒར་ཁའི་ཕྱོགས་ལ་རྔམ་བཞིན་འོང་བར། སྐྱེན་པོའི་མདའ་མོ་གཅིག་རྗེས་ལ་གཅིག་བསྣུན་པར་སྟག་རྒོད་གསུམ་ངུར་སྐད་དང་བཅས་རང་སར་བསད།  དེར་ཕུ་མདའ་ཡོངས་ཀྱི་མི་སེར་ཚོས་ནོར་བཟང་སྐུ་འཁོར་ལ་དཔའ་དར་འཐེན་ཞིང་སྟོན་མོ་བཀྱགས། དེའི་མུ་ནས་མཛངས་ཤིང་རྟུལ་ཕོད་པའི་ནོར་བཟང་འཁོར་དང་བཅས་པའི་རྗེས་འབྲངས་དང་སྐྱིད་སྡུག་ལ་ཞུགས་མཁན་ཇེ་མང་དུ་སོང་བར། ནོང་བཟང་གིས་སྐྱིད་སྡུག་ལ་ཞུགས་མཁན་སུ་ཡིན་ཡང་སོ་སོའི་བབས་དང་མཐུན་པའི་ཁེ་སྤོགས་ཀྱི་བགོ་སྐལ་འདྲ་མཉམ་པས་ཚིམ་པར་མཛད་པས་ངོ་གཡོག་བསམ་པ་གཅིག་འདྲེས་བྱུང་།

    ཐང་སྟོང་རྒྱལ་བོས་སྐྱིད་ཆུ་དང་གཙང་བོར་གྲུ་ཤན་དང་ཟམ་བཙུགས་པའི་མིག་ལྟོས་ཀྱིས། ནོར་བཟང་སྐུ་འཁོར་གྱིས་ལྷོ་ཚོང་བྱང་ལ་བསྐྱལ། བྱང་ཚོང་ལྷོ་ལ་ཁྱེར། ཤར་ཚོང་ནུབ་དང་།  ནུབ་ཚོང་ཤར་ལ་རྒྱག་ཞོར། ལ་ཆེན་ལ་ལབ་ཙེ་དང་ཆུ་ཆེན་དང་འགག་འཕྲང་ལ་ཤིང་རྡོའི་ཟམ་པ་དང་ལྕགས་ཟམ་འཛུགས་པའི་སྦྱིན་བདག་མང་བོ་བྱས། བཀྲ་ཤིས་ཁྲི་སྒོར་ལྟོས་ནས་ཕ་ཡུལ་གཞིས་ཀ་ནས་ཕོ་བྲང་ནོར་བཟང་གླིང་ག་ཞེས་པ་བརྩིགས། ཆུང་མ་བླངས་ཤིང་བུ་བཙས། བུའི་མིང་ལ་པད་མ་འོད་འབར་ཞེས་བཏགས་པ་དང་། ནོར་བཟང་གླིང་ཀ་ནས་ཕ་ཡུལ་གྱི་མི་རྣམས་ལ་ཇ་ཚུལ་དང་ཆང་ཚུལ་བཙུགས་ནས་ཟས་ནོར་གྱི་གནང་སྦྱིན་དུས་ཐོག་ཆར་བ་ལྟར་རྗེས་སུ་བཟུང་། ཐེངས་ཤིག་གསེར་དངུལ་རིན་པོ་ཆེའི་ཁལ་མ་མང་བོ་དེད་ནས་བལ་ཡུལ་དུ་བསྐྱོད་པའི་ལམ་འཕྲང་ཞིག་ཏུ་རྒོད་ལ་ཤོར་བའི་ཇག་ཚོགས་ཤིག་སྤྱང་ལྟོགས་ལུག་ལ་གཞོལ་བ་ལྟར་ནོར་བཟང་ངོ་འཁོར་ལ་ཁ་གཏད་ནས་ཀི་བསྭོ་དང་བཅས་བླུགས་ཡོང་བ་དང་། ནོར་བཟང་གིས་མདའ་མོ་གསུམ་ལྟོང་ལ་ལྷན་དུ་སྦྱར་ནས་འཕངས་པར་ཇག་དཔོན་གཉིས་ཀྱི་བྲང་ལ་ཕོག་ཏེ་འགྱེལ་བ་དང་གཞན་ཐམས་ཅད་ཀྱིས་སྲོག་ཐར་གཏོང་བའི་ཞུ་བ་ཕུལ་བར། ནོར་བཟང་གིས་དེ་དག་ཐག་པས་སྦྲེལ་ཅིང་དེད་ནས་བལ་བོའི་རྒྱལ་བོར་སྤྲད། རྒྱལ་བོ་ཐུགས་དགྱེས་ཚོར་ཆེན་པོས་ནོར་བཟང་ལ་གནང་སྐྱེས་དང་གཟེངས་བསྟོད་བྱས།

    ཐེངས་ཤིག་ནོར་བཟང་འཁོར་ཚོགས་ཀྱིས་རྔ་མོང་དང་དྲེལ་མང་བོར་ཚོང་རྫས་མང་བོ་བཀལ་ནས་བཀྲ་ཤིས་ཁྲི་སྒོའི་ཨར་ཁང་ན་མོ་ཨར་ཀྲན་མ་ཞེས་པར་ཚོང་ཤག་སྐོར་ཞིག་དང་ལྷན་ཆང་ཉུང་ཙམ་བཏུང་ཞོར་ཡར་མར་གྱི་ཁ་བརྡ་གློད་ནས་བསྡད་པར། ཆང་ཁང་དེར་རྒྱན་པོ་འགྱེད་ཅིང་སྐུགས་འཇོག་མཁན་མང་བོ་ཡོད་པར། ནོར་བཟང་གི་ཚོང་གཡོག་ཚོས་ཀྱང་མཚར་སྣང་གིས་སྡུག་མ་མཐོང་བར་རྒྱུ་བཙལ་ཐབས་འདི་དགའ་མོ་འདུག་ཅེས་གཅིག་གིས་གཅིག་ལ་ངར་བསླངས་པ་དང་སྐོར་ཞིག་ཁ་མཐུན་ནས། ཚོང་དཔོན་ལ་རང་རེ་ཟླ་ལམ་དུ་མར་ཡོང་བས་ཐང་ཡང་ཆད་ཡོད། འདིར་རྒྱན་ཙག་ཙིག་འཛུགས་ཞོར་ངལ་གསོས་ན་ཞུས་པར། ནོར་བཟང་གིས་ཀྱང་དེ་དག་གི་རེ་བ་བསྐངས། ནོར་བཟང་ངོ་གཡོག་གིས་ཉིན་དང་བོར་བློ་ཡུལ་ལས་འདས་པའི་རྒྱལ་ཁ་ཐོབ་ནས་གསེར་དངུལ་མང་བོ་བླངས། དེ་ནས་ཉིན་རེ་བཞིན་སྐུགས་རྩ་ཇེ་ཆེ་ནས་ཇེ་ཆེར་བཏང་བ་དང་། མཐར་ཚོང་རྫས་དང་རྔ་དྲེལ་མ་ཟད།  ལུས་ཀྱི་རྒྱན་ཆ་དང་གློ་གྲི་ཚུན་ཆད་སྐུགས་ལ་ཤོར་ནས་སྤྲང་དབྱུག་ཐོགས་དགོས་པའི་ཚད་ལ་གཏུགས། དེར་ནོར་བཟང་གིས་ཚོང་གཡོག་རྣམས་ལ་རང་གི་བྱས་པ་རང་ཡིན། ད་ནི་རང་གི་ཡུལ་ལ་སོང་།  ང་ནི་ཕ་ཡུལ་ལ་འགྲོ་རྒྱུ་ཡང་ངོ་ཚ།  ཞེས་ངོ་འཁོར་རྣམས་ཕྱོགས་ཕྱོགས་སུ་སྤྲང་འཁྱམས་ལྟར་བྱེས་སོང་།

     ནོར་བཟང་ཡང་ལྟོ་འབྱིད་པར་མཁར་གྲོང་གང་ཡོད་ཁྱི་ལྡོམ་བཞིན་ཉུལ་བ་དང་། ཕྱུག་པོ་རྣམས་ཀྱི་རྒྱས་སྤྲོས་དང་ཉམ་ཆུང་དག་གི་གོས་ཀྱིས་ལུས་མི་ཁེབས།  ཟས་ཀྱིས་ཉིན་མི་འགྲོ་ཐོག  བཙན་ཕྱུག་རྣམས་ཀྱིས་ནོར་མེད་རྒྱུ་མེད་རྣམས་ཁྱི་ཕག་གི་སར་ཡང་མི་འཇོག་ཐོག   བརྙས་བཅོས་དང་སྡང་སྡིགས་ཡ་ང་བ་བྱེད་པ་མང་དུ་མཐོང་བར། འཇིག་རྟེན་འདི་ཇི་འདྲའི་འདྲ་མི་མཉམ་ཞིང་། མི་ཁྱད་ནོར་གྱིས་ཕྱེས་པར་གསུངས་བ་དེ་ཅིས་མ་བདེན་སྙམ་ཞིང་། ནོར་བཟང་རང་དང་འདྲ་བའི་མི་མང་གི་སྡུག་ཡུས་ཀྱིས་བཟོད་གླགས་མེད་པའི་མཆི་མ་གདོང་ནས་བཞུར་ཞིང་། ཉམ་ཆུང་གཅིག་གི་དབུལ་སྡུག་སེལ་ནའང་ཅི་མ་རུང་སྙམ་ནས།  དཀར་མོ་མཚོ་རྒྱལ་ཟེར་བའི་ཕྱུག་པོ་ཞིག་གི་གཡོག་ལ་བསྡད་ནས་རྔ་གདང་རྒྱུགས་དང་དུད་པ་ལངས་རྒྱུགས་ཀྱིས་བདག་པོ་ཡིད་ཚིམ་པའི་ཕྱི་ནང་གི་གཡོག་ལས་ལ་འབད།  ལོ་ཁྱུད་མོ་གཅིག་ཕྱིན་མཚམས་དཀར་མོ་མཚོ་རྒྱལ་ཚང་གིས་ནོར་བཟང་འདིའི་ངང་རྒྱུད་ལ་ལྟོས་ནས་མི་རང་ག་བ་ཞིག་མིན་པ་ཚོར་ཏེ་ནོར་བཟང་གི་རེ་བ་བཞིན་གནང་སྐྱེས་ཕུན་སུམ་ཚོགས་པས་ཕ་ཡུལ་ལ་ལམ་པ་བྱས།

     ནོར་བཟང་གིས་ཨར་ཁང་ནས་རང་ཉིད་ཀྱི་བཞོན་རྟ་སླར་ཉོས་ཏེ་བྱ་འཕུར་བ་ལྟར་ཡོང་བ་དང་ཕ་ཡུལ་དང་ཉེ་བར་བཅར་དུས་ཕ་མ་དང་ཆུང་མ། བུ་པད་མ་འོད་འབར་བཅས་དྲན་ཞིང་དྲན་ནའང་།  ལག་སྟོང་དུ་གཉེན་ཉེ་འཕྲད་པར་འགྲོ་མ་འདོད་པར་དབུས་ལམ་དེད་ནས་སོང་སོང་བའི་ཉིན་ཞིག་འོག་རྟ་ཐང་ཆད་པའམ་ས་ཆུ་མ་འཕྲོད་པར་ཤི་བ་དང་། ནོར་བཟང་ལ་བྱིས་པ་ཐང་སྟོང་དུ་ལུས་པ་ལྟ་བུའི་གནོན་མི་ཐུབ་པའི་ཚོར་བ་ཞིག་གིས་ཅི་བྱ་གཏོལ་མེད་ངང་འགྲམ་པ་ཐང་ལ་སྦྱར་ནས་བསྡད་ཡོད་པ་ལ། འབུ་རྫ་རི་ཟིལ་བ་ཞིག་རྩི་རྐྱང་གཅིག་གི་རྩ་བ་ནས་ཡར་ཡར་འགོས་ནས་རྐེད་པ་ཙམ་ནས་བསེར་བུས་བསྐྱོད་དེ་ཕྱིར་ཐང་ལ་ལྷུང་། དེ་ལྟར་ཡང་སྐོར་བསྐྱར་སྐོར་དུ་འགོས་མཐར།  རྩི་ཐུར་གྱི་རྩེ་ལ་སླེབས་པ་མཐོང་འཕྲལ།  ཀྱེ་མ།  འབུ་འདིའི་སྙིང་སྟོབས་དང་སྡུག་རུས་ལ་ལྟོས།  ཐེངས་དགུར་མར་ལྷུང་ཡང་ཐེངས་དགུར་ཡར་འགོས།  ང་ནོར་བཟང་རྫ་རི་ཟིལ་བ་ལ་ཡང་མི་འགྲན་ནོ་སྙམ་ནས་སྙིང་ཕུར་གདབ།  མུན་པ་དྭངས་པ་ལྟར་དེ་འཕྲལ་ཡར་ལངས་ནས་འོག་རྟའི་སྒ་སྲབ་ཁུར་ཏེ་ལམ་ལ་ཞུགས།  ལྷ་སའི་ཁྲོམ་ལ་འབྱོར་ཏེ་སྒ་སྲབ་གཉིས་བཙོངས།  དེའི་རིན་གྱིས་ཁབ་དང་སྐུད་པ་མང་བོ་ཉོས་ནས་ཡར་འབྲོག་ལ་ཚོང་ལ་ཕྱིན། ཡར་འབྲོག་ནས་ལུག་ཚར་མང་བོ་ཉོས་ནས་སླར་ལྷ་སའི་ཁྲོམ་གཟིགས་སྒང་ནས་བཙོངས། དེ་ལྟར་ཁབ་གསོག་འབུག་གསོག་གིས་མ་རྩ་གང་འཚམས་རྙེད་པ་དང་གླ་རྩི་ཁ་ཡར་ཉོ་སྒྲུབ་བྱས་ནས་བལ་བོར་སོང་། བལ་བོའི་རྒྱལ་བློན་དང་ཚོང་བ་ཆེ་ཁག་ནས་ནོར་བཟང་ལ་དགའ་བསུ་ཆེན་པོ་བྱས་ཤིང་། ཚོང་བྱས་པར་སླར་ཡང་རྒྱུ་ཐོག་ལ་བུད། ནོར་བཟང་གིས་གཡུ་བྱུར་དང་གསེར་དངུལ་རྣམས་དྲེལ་གཅིག་ལ་བཀལ་ནས་ཕ་ཡུལ་དུ་ལོག   དེར་ཡང་ཕ་མ་གཉེན་ཉེ་དང་བཅས་པ་ཤི་གསོན་སླར་འཛོམས་པ་ལྟར་དགའ་ཞིང་། ཚོང་གཡོག་རྣམས་ཀྱང་དབུལ་བོས་གཏེར་རྙེད་པ་བཞིན་ནོར་བཟང་ལ་འདུན་མ་གླེང་། ནོར་བཟང་ངོ་འཁོར་སླར་ཡང་ཡུ་གུར་དང་སོག་པོ།  བཀྲ་ཤིས་ཁྲི་སྒོ་སོགས་ལ་ཚོང་འགྲུལ་བྱས་པར་ཚོང་དཔོན་ནོར་བུ་བཟང་བོ་ཞེས་རླུང་ལྟར་གྲགས་པ་བྱུང་།

    ཐེངས་ཤིག་ལྷ་ས་ནས་འབྲུ་གུང་བརྒྱུད་མདོ་སྨད་དུ་ཆས་པར་བརྩམས་པ་ལ། འབྲུ་གུང་ནས་རང་དང་ཕ་ཡུལ་གཅིག་པའི་རྗེ་བླ་མ་བློ་བཟང་གྲགས་པས་ཕ་ཡུལ་དུ་འགྲོ་བའི་ཚོང་བ་རྩད་གཅོད་ཀྱིན་པ་ཐོས་པར། ནོར་བཟང་དགའ་དྲག་ཏེ་ཁ་བཏགས་སྲིད་དུ་རིང་བ་གཅིག་དང་གསེར་སྲང་དུ་མ་ཁྱེར་ནས་རྗེ་རིན་པོ་ཆེར་མཇལ་ཁ་ཞུས།  དུས་ནམ་ཡང་བླ་མའི་སྦྱིན་བདག་བྱེད་པའི་དམ་བཅས་པར།  རྗེ་བླ་མ་ཐུགས་དགྱེས་བཞིན་རང་གི་འདྲ་ཐང་ཞིག་དང་འཕྲིན་ཡིག་བཅས་ནོར་བཟང་ལ་སྐུར་བར་མཛད།  

    ནོར་བཟང་ཕ་ཡུལ་དུ་འབྱོར་བ་དང་།  དེ་མ་ཐག་ཏུ་རྗེའི་མ་ཡུམ་གྱི་དྲུང་དུ་བཅར།  མ་ཡུམ་ལ་རྗེའི་འདྲ་ཐང་དང་ཕྱག་འཕྲིན་ཕུལ།  མ་ཡུམ་གྱིས་རྗེ་བཙུན་ཙོང་ཁ་བའི་འཁྲུངས་སར་སྐྱེས་པའི་ཙན་དན་གྱི་ལྗོན་པ་དེའི་མགོར་རས་གུར་ཕུབ། རང་གི་བུའི་འདྲ་ཐང་དེ་སྡོང་བུའི་འཁྲིས་སུ་གསོལ་ནས་ཉིན་བཞིན་རང་གི་བུ་དང་སྐད་ཆ་མང་བོ་བཤད་པ་ཡིན་ཟེར།

    ཚོང་དཔོན་ནོར་བཟང་གིས་དགུང་ལོ་དགུ་བཅུ་ལོན་རེག་བར་དབུལ་ཕོངས་རྣམས་ལ་གནང་སྦྱིན་དང་། སློབ་གཉེར་ལ་དགའ་བ་རྣམས་ལ་སློབ་ཡོན་དང་དཔེ་ཆ་སྣག་ཤོག་སོགས་ཀྱི་མཐུན་རྐྱེན་སྦྱར་ཐོག  ན་གཞོན་མང་བོ་ལ་ཁོང་གི་མི་ཚེའི་བྱུང་བ་དང་ཚོང་རྒྱག་ཚུལ།  ཚོང་བརྒྱབ་ན་སྙིང་རུས་ལྡན་པ། གཞན་ཕན་གྱི་སེམས་ཡོད་པ། མཉམ་ལས་ལ་མཁས་པ།  དྲང་བདེན་དང་ཁ་བཤད་དོན་ལ་གནས་དགོས་པ་མ་ཟད།  སློབ་སྦྱོང་དང་ཉམས་མྱོང་གསོག་ཚུལ།  སྐད་རིགས་དུ་མར་སྦྱངས་དགོས་ཚུལ་སོགས་ཀྱི་བསླབ་བྱ་རྒྱུན་དུ་བཏང་བ་མ་ཟད།  རྗེའི་སློབ་མ་ཏཱ་མིང་གོང་མའི་དབུ་བླ་བྱམས་ཆེན་ཆོས་རྗེ་མཛོ་མོ་མཁར་དུ་ཕེབས་པའི་དྲུང་དུ་ཕྱིན་པར།  ཆོས་རྗེ་བས་མི་ཆོས་དང་ལྷ་ཆོས་ཀྱི་གསུང་ཤིན་ཏུ་དམར་བ་གནང་ཞིང་།  ནོར་བཟང་ཕོ་བྲང་ནས་སློབ་གཉེར་བའི་སྡེ་ཞིག་བཙུགས་ན་ལེགས་ཚུལ་གསུངས་པ་བཞིན།  ཁྭ་ཏའི་ཁ་ཞེས་པའི་སློབ་གཉེར་བྱ་ས་དེ་ཚུགས་སོ། །

   ད་ལྟའི་མི་རྣམས་ཀྱིས་ཚོང་དཔོན་ནོར་བུ་བཟང་བོ་རྗེས་དྲན་གྱི་རི་མོར། ཕྱག་གཅིག་ལ་ནས་ཀྱི་སྙེ་མ་དང། ཕྱག་གཅིག་ལ་ནོར་བུ་ཞིག་བྲིས་ཡོད།  ནས་ཀྱི་སྙེ་མ་དེས་ཞིང་འབྲོག་གི་ཐོན་སྐྱེད་ནི་བཟོ་ཚོང་གི་གཞི་རྩ་ཡིན་ཞིང་། ནོར་བུ་དེས་ཤེས་རིག་དང་མཉམ་ལས། གཞན་ཕན་དང་རང་བརྟེན་བཅས་མཚོན་ཞིང་། དེ་བཞི་ཕྱོགས་སུ་མ་ལྷུང་བར་ལག་ལེན་བྱས་ན་ཇི་འདོད་ལྷུན་གྱིས་འགྲུབ་པའི་ཡིད་བཞིན་གྱི་ནོར་བུ་ཞིག་རང་གི་ལག་ན་ཡོད་པ་དང་ཀུན་ནས་མཚུངས་པའི་བརྡ་ཡིན་པར་གྲགས་སོ། །

ཞེས་ཟམ་ཚ་ཚེ་རིང་དོན་གྲུབ་ཀྱིས་༢༠༢༢ལོའི་ཟླ་༣ཚེས་༣༠ཉིན་བྲིས་སོ། །


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-04-02 ལྟ་ཀློག (9299)