​སློབ་གླིང་གསར་འགྱུར།


སློབ་གླིང་གསར་འགྱུར།   

   དེ་རིང་ངེད་སློབ་གླིང་གི་སློབ་དཔོན་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་དགེ་སློབ་ཡོངས་ལ་ལོ་སར་ཀ་ར་གནང་ཞིང་ལོ་གསར་བའི་ནང་ལ་སློབ་གསོའི་བྱ་བཞག་གེགས་མེད་གོང་འཕེལ་ཡོང་བའི་བཀྲ་ཤིས་ཞལ་གཡང་གནང་། ཁོང་གིས་གསུང་རྒྱུར། ད་ལྟའི་བར་རང་རེའི་སློབ་གླིང་གིས་ཀྱག་ཀྱོག་མང་བོ་བརྒྱུད་ཡོང་བ་ཡིན་ལ། ལྷག་ཏུ་ཉེ་བའི་ལོ་འདི་དག་གི་རིང་ལ་འགལ་རྐྱེན་རི་ལྟར་འཛིངས་པ་མང་བོར་འཕྲད་པས། སྤྱི་ཚོགས་ཁྲོད་ཀྱི་བློ་དཀར་བ་མང་བོས་ཀྱང་སེམས་ཚེགས་གནང་ཞིང་རིམ་གྲོ་བསྒྲུབས་པ་སོགས་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་བླ་མེད་གནང་བ་རེད། ད་ནི་གོང་རིམ་འབྲེལ་ཡོད་སྡེ་ཁག་སོ་སོས་རྒྱལ་ཁབ་ཀྱི་ཡང་དག་པའི་སྲིད་ཇུས་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྩ་དོན་ཕྱག་ལེན་གནང་སྟེ་རང་རེའི་སློབ་གླིང་གི་གང་ཅིའི་བྱ་བ་མཐའ་དག་མུ་ནས་མུ་རུ་དར་བ་ལ་རྒྱབ་སྐྱོར་ཡང་དག་པ་ཐོབ་ཡོད་པར་མ་ཟད། ད་སྔ་སྤྱི་ཚོགས་ཁྲོད་མང་བོ་ཞིག་གིས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་སྒོ་བརྒྱག་རྒྱུ་ཡིན་ཚུལ་དང་། དགེ་སློབ་རྣམས་ཕྱོགས་ཕྱོགས་སུ་གཏོར་རྒྱུ་ཡིན་ཚུལ་སོགས་སྣ་ཚོགས་སྒྲོག་བཞིན་པ་དེ་དག་ལས་ཡོངས་སུ་རྒྱལ་ཏེ་གཏམ་ཡན་དེ་ཀུན་གཞི་མེད་དུ་བཏང་ཟིན་པར་མ་ཟད། ད་ནས་བཟུང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མདུན་ལམ་སྔར་ལས་ཡངས་ཤིང་འཕེལ་རྒྱས་སྔར་ལས་ལྷག་པ་འབྱུང་ངེས་པ་ཡིན་པས་རང་རེའི་དགེ་སློབ་སུ་ཡིན་ཡང་ལུས་བདེ་སེམས་སྐྱིད་ངང་རང་རང་གི་ལས་ཀ་ལ་འབད་པ་གནང་ཆོག དེ་ཐམས་ཅད་ཀྱིས་སེམས་ལ་ཟུངས། དགེ་སློབ་སུ་ཡིན་ཡང་སྔར་རྒྱུན་ལྟར་ཁྲིམས་བརྩི་བ་དང་། དྲ་ལམ་སོགས་སུ་བྱ་བ་བཟང་ངན་གང་ཡིན་ཡང་འུད་ཀྱིས་མི་སྤེལ་བ་སོགས་སྔར་མུས་ལྟར་བག་ཡོད་གནང་རྒྱུ་བཀའ་དྲིན་ཆེ། ད་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ་ཞེས་གསུངས་ཏེ་མཐར་དགེ་སློབ་ཡོངས་སྤྲོ་དགའི་དཔལ་ལ་བཀོད་དོ། །




གསར་འགོད་པ། གྱི་ལིང་འཇིགས་མེད། 



རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-03-10 ལྟ་ཀློག (17910)