ཆུ་ཕོ་སྟག་ལོའི་ལོ་སར་བཟང་། ལྡོང་ཡོན་ཏན་རྒྱ་མཚོ།

ཆུ་ཕོ་སྟག་ལོའི་ལོ་སར་བཟང་།


ངའི་མིང་ལ་དམར་ཡག་སྟག་རྒོད་ཟེར།།
ང་དགྲ་ལ་ཐུག་ན་འཐབ་རྩལ་ཡོད།།
ང་རྐྱེན་ལ་འཕྲད་ན་དཔའ་སྤོབས་ཡོད།།
ང་རིགས་ཀྱི་ཆེད་དུ་མཆོང་རྩལ་ཡོད།།

ངའི་ཚེ་སྲོག་ཙན་དན་ལྗོན་པར་བཅོལ།།
ངའི་ལུས་ཁམས་ལྷ་ཤིང་ཤུག་པས་གསོས།།
ངའི་དབང་ཐང་སྔོན་མོ་ཆུ་ཡིས་བསྐྱེད།  །
ངའི་རླུང་རྟ་དཀར་བོ་ལྕགས་ལས་གྲུབ།།

ངའི་གྲ་ཡག་ཐིག་ལེའི་དཀྱིལ་འཁོར་ན།།
སྤྱང་དར་མས་མི་ཐུབ་རྩལ་དགུ་ཡོད།།
ངའི་མཆེ་སྡེར་རྣོན་པོའི་སོ་ཁ་ན།།
ཁྱི་རྒྱ་ལིས་མི་བཟོད་ཟིལ་ཤུགས་རྫོགས།།

ངའི་ངར་སྐད་བདེན་པའི་རང་སྒྲ་ཡིན།།
ངའི་འགྱིང་ཉམས་རྡོ་རྗེའི་གོ་ཁྲབ་ཡིན།།
ང་རབ་གནས་ཆུ་ཕོ་སྟག་ལོ་ཡིན།།
ང་ལོ་སར་བཀྲ་ཤིས་སྒོ་འབྱེད་ཡིན།།

རབ་གནས་ཆུ་ཕོ་སྟག་ལོའི་ལོ་སར་ཚེས་གཅིག་ཉིན། ངར་ལྕགས་དང་ཨར་འདམ་གྱིས་བཞེངས་པའི་གྲོང་ཁྱེར་མཐའ་མི་མངོན་ས་ཞིག་ནས། གངས་རི་དང་རྩྭ་ཐང་དྲན་བཞིན། བོད་མི་དང་བོད་པའི་ལོ་སར་ལ་རྟེན་འབྲེལ་ཞུ་ཕྱིར། རིགས་ཀྱི་རླུང་རྟ་མཐོ་བའི་བཀྲ་ཤིས་པའི་གཏམ་བཟང་ཞིག་ཐོས་འཕྲལ་ནང་སེམས་སྤྲོ་དགས་ཁྱབ་བཞིན། ལྡོང་ཡོན་ཏན་རྒྱ་མཚོར་འབོད་པས་བྲིས།

          ༢༠༢༢-༣-༣

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-03-03 ལྟ་ཀློག (4609)