གངས་ལྗོངས་དཔུང་རྡང་ཚོགས་པས་ངེད་ཤེས་རིག་སློབ་གླིང་དུ་རོགས་སྐྱོར་བྱ་འགུལ་སྤེལ།


     དེ་ཡང་༢༠༡༧ ལོའི་ཟླ ༡༠ པའི་ཚེས ༢༢ ཉིན་གངས་ལྗོངས་དཔུང་རྡང་ཚོགས་པས་ངེད་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་དུ་རོགས་སྐྱོར་བྱ་འགུལ་ཐེངས་དང་བོ་སྤེལ་བ་རེད། རྒྱུས་ལོན་བྱས་པ་ལྟར་ན།  གངས་ལྗོངས་དཔུང་རྡང་ཚོགས་པ་ནི་སྤྱི་ལོ ༢༠༡༦ ལོའི་ཟླ ༡༠ བའི་ཚེས ༢༥ ཉིན་ཚོགས་གཙོ་གཡོན་གཞིའི་སྒྲོལ་མ་འབུམ་གྱིས་རེ་བསྐུལ་ལྟར། མགོ་ལོག་རྟ་བོ་དང་གཙང་ཞོལ། རྭ་རྒྱ། མཚོ་ལྷོ་བྲག་དཀར་རྫོང་། འབའ་རྫོང་། མང་རྫོང་། མཚོ་སྔོན་གཏེར་ལམ་རྫོང་སོགས་ཀྱི་བླ་གྲྭ་དང་སྡེ་དཔོན། ཁེ་ལས་པ་སོགས་ལས་རིགས་མི་གཅིག་ཀྱང་དམིགས་ཡུལ་གཅིག་པའི་ལྷག་བསམ་ཅན་གྱི་མི་སྣ་བདུན་ཅུ་ལྷག་གིས་མཐུན་སྒྲིལ་དཔུང་བ་མཉམ་གཤིབ་ཀྱི་མི་རིགས་སློབ་གསོ་ལ་བཅངས་པའི་ཕུགས་བསམ་ཞིག་མངོན་འགྱུར་བྱུང་ནས་ཚོགས་པ་འདི་ཉིད་དངོས་སུ་དབུ་བརྙེས་ཤིང་། ཚོགས་མི་ཡོངས་ཀྱིས་མ་བགྲོས་གཅིག་མཐུན་གྱིས་ལོ་རེ་ལྟར་ས་ཁུལ་རིས་མེད་ཀྱི་སློབ་གྲྭ་ཆེ་འབྲིང་གི་དབུལ་ཕོངས་སློབ་མའི་སློབ་གསོའི་རོགས་དངུལ་དང་། འཚོ་བའི་མཐུན་རྐྱེན། མཐུན་རྐྱེན་ཞན་པའི་སློབ་ཆེན་སློབ་མའི་སློབ་ཡོན་ཁ་གསབ་སོགས་མདོར་ན་མི་རིགས་སློབ་གསོ་ལ་སྨན་པའི་ལས་སྒོ་ཅི་རིགས་གཉེར་མུས་སུ་ཡོད་པ་ཞིག་རེད།

     ཚེས ༢༢ ཉིན་ལ་རིགས་ཞེན་དང་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ་མི་རིགས་སློབ་གསོའི་ལས་དོན་ལ་གཅིག་ཏུ་བརྩོན་གྱིན་པའི་སློབ་གསོ་བ་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གི་ལྷག་བསམ་དང་སྙིང་སྟོབས་ལ་གུས་འདུད་ཞུ་ཆེད། གནའ་དེང་ཤེས་རིག་གི་སྒྲོན་མེ་སྦར་ས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་སློབ་གསོའི་རོགས་སྐྱོར་བྱ་འགུལ་ཐེངས་དང་བོ་སྤེལ། ཐེངས་འདིར་ལྷག་བསམ་གཙང་མའི་རང་མདངས་མཚོན་བྱེད་དུ་འཛིན་གྲྭ་བཅུ་གཅིག་གི་དྭ་ཕྲུག་དང་དབུལ་ཕོངས་སློབ་མ ༤༤ ལ་འཚོ་བའི་མཐུན་རྐྱེན་དུ་སྒོར ༥༠༠ རེ་ཕུལ།

      རྒན་འཇིགས་མེད་རྒྱལ་མཚན་མཆོག་གིས་སློབ་གསོའི་རོགས་སྐྱོར་ནི་ཤེས་རབ་ཀྱི་སྦྱིན་པ་ཡིན་ལ། ཤེས་རབ་ཀྱི་སྦྱིན་པ་ནི་ཐར་བའི་ས་བོན་ཡིན་པས། སློབ་གསོའི་བྱ་འགུལ་སྤེལ་བར་ཆོས་འཇིག་རྟེན་གཉིས་ཀྱི་ཐད་ནས་དོན་སྙིང་ཆེན་པོ་ལྡན་ཞིང་།  དེང་སྐབས་དམངས་སྒྲུབ་ཚོགས་པ་དང་མི་སྒེར་སོ་སོས་སློབ་གསོའི་བྱ་བཞག་གཙིགས་སུ་བཟུང་ནས་བྱ་བ་སྒྲུབ་བཞིན་པ་འདི་ཧ་ཅང་རིན་ཐང་ཆེ་བའི་སྐོར་ནས་གསུང་བཤད་གནང་།


ཚོགས་པ་ངོ་སྤྲོད་དང་ཐེངས་འདིའི་བྱ་འགུལ་གྱི་དམིགས་ཡུལ་སྙན་གསང་ཞུ་བཞིན་པ།


སློབ་མ་ཚོར་རོགས་དངུལ་སྤྲོད་བཞིན་པའི་ཡུལ་དངོས།


མཉམ་པར།


ངེད་སློབ་གླིང་གིས་ཁོ་ཚོར་བཀའ་དྲིན་མཚོན་པའི་ལེགས་སྐྱེས་རེ་ཕུལ།
སྤྱིལོ ༢༠༡༧ ལོའི་ཟླ ༡༠ པའི་ཚེས ༢༢ ཉིན།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2017-10-23 ལྟ་ཀློག (5176)