རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱི་བོད་ཀྱི་སློབ་གསོའི་ལྟ་བ།

ཐོན་མིའི་དགོངས་དོན་འཚོལ་བའི་གཏམ་ལམ་བཟང་གསལ་བའི་སྒྲོན་མེ།


རྭ་རྒྱ་འཇིགས་མེད་རྒྱལ་མཚན།

    ཨོ་ལགས་སོ། དེ་རིང་ནི་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙུགས་ནས་ལོ་འཁོར་ཉི་ཤུ་འཁོར་བར་རྟེན་འབྲེལ་གྱི་འཁྲུངས་སྟོན་བྱེད་པའི་ཉིན་དང་བོ་ཡིན། ངེད་སློབ་གླིང་གིས་རང་ལོ་ཉི་ཤུ་ལོན་པའི་འཁྲུངས་སྟོན་གྱི་མཛད་སྒོ་དང་བསྟུན་ནས་ཐོན་མིའི་སློབ་གསོའི་བགྲོ་གླེང་ཞེས་པའི་ཚོགས་འདུ་ཞིག་བསྡུ་དགོས་པའི་རྒྱུ་མཚན་ནི། གཅིག་ནས་རང་རེའི་སློབ་གླིང་གི་ལོ་རེའི་འཁྲུངས་སྟོན་ཐོག་ཏུ་ཐོན་མི་སཾ་བྷོ་ཊའི་རྣམ་ཐར་འཁྲབ་སྟོན་བྱེད་བཞིན་ཡོད་པ་དེ་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་འགྲོ་བའི་ཆེད་ཡིན། གཉིས་ནས་བོད་མདོ་དབུས་ཁམས་གསུམ་གྱི་མཁས་པའི་དབང་བོ་གང་མང་ཞིག་ཚོགས་ཐོག་ཏུ་གདན་འདྲེན་ཞུས་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལོ་ངོ་ཉི་ཤུའི་རིང་གི་སློབ་གསོའི་ཁ་ཕྱོགས་དང་སློབ་གསོའི་བྱེད་ཐབས། སློབ་གསོའི་ནང་དོན་བཅས་ལ་དངོས་སུ་རྒྱུས་ལོན་བྱེད་དུ་བཅུག་སྟེ་སློབ་གི་མི་འདང་ས་དང་ཇེ་ལེགས་སུ་གཏོང་དགོས་པའི་ཕྱོགས་ལ་སློབ་སྟོན་གནང་རྒྱུ་དང་། ལེགས་པའི་ཆ་རྣམས་ཇི་ལྟར་རྒྱུན་འཛིན་དང་དར་སྤེལ་བྱེད་པར་མཛུབ་སྟོན་བླ་མེད་གནང་རྒྱུ་དེ་ཡིན། གསུམ་ནས་བོད་མི་རིགས་ལའང་རྒྱ་མི་རིགས་ཀྱི་སློབ་གསོའི་ལྷ་ལྟ་བུར་བཀུར་བའི་སློབ་དཔོན་ཆེན་པོ་ཁུང་ཙི་ལྟ་བུའི་སློབ་གསོ་བ་དང་བསམ་བློ་བ་གྲགས་ཅན་ཞིག་ཡོད་ལ། དེ་ནི་བོད་ཀྱི་མཛངས་མི་བཞི་བ་སློབ་དཔོན་ཆེན་པོ་ཐོན་མི་སཾ་བྷོ་ཊ་མཆོག་ཡིན། རྒྱ་མི་རིགས་ལ་ཁུང་ཙིས་ཕན་བཏགས་པ་དང་ཁུང་ཙིས་རྒྱ་མི་རིགས་ཀྱི་ཆེད་དུ་དཀའ་སྡུག་མྱོང་བ་ལས་ཐོན་མི་སཾ་བྷོ་ཊས་བོད་མི་རིགས་ཀྱི་ཆེད་དུ་དཀའ་སྡུག་མྱོང་བ་སྟོང་ཕྲག་ཁྲི་ཕྲག་གིས་མང་ལ། ཐོན་མི་སཾ་བྷོ་ཊ་མཆོག་གིས་བོད་མི་རིགས་ལ་བསམ་བློའི་སློབ་གསོའི་ཁ་ཕྱོགས་སྟོན་པ་དང་འཚོ་བའི་ཤེས་བྱ་ངོ་སྤྲོད་བྱས་པ་ཙམ་དུ་མ་ཟད། བོད་མི་རིགས་ལ་ཐུན་མོང་གིས་བེད་སྤྱོད་བྱེད་ཆོག་པའི་ཡི་གེ་མེད་པར་དམུས་ལོང་སུ་སྡོད་པའི་སྐབས་སུ་ཁོང་གིས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད། ངལ་བ་སྟོང་ཕྲག་དང་དུ་བླངས་ནས་རྒྱ་གར་འཕགས་པའི་ཡུལ་ལ་སློབ་གཉེར་དུ་ཕེབས་ཤིང་སྦྱང་འབྲས་གཡུར་དུ་ཟ་བ་བླངས་ནས་ཕྱིར་ཁ་བ་གངས་རིའི་ལྗོངས་སུ་ཕེབས་ཏེ། ད་ལྟ་ངེད་ཅག་གིས་བཀོལ་སྤྱོད་བྱེད་བཞིན་པའི་འཛམ་གླིང་དུ་འབྲུག་སྒྲ་བཞིན་ཡོངས་སུ་གྲགས་པའི་བོད་ཀྱི་ཡི་གེ་འདི་གསར་གཏོད་གནང་ནས་བོད་པ་ཚང་ལ་བཅུ་ཕྲག་རིག་པའི་གནས་ཀྱིས་མཚོན་པའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སློབ་གསོ་ཟེར་བ་ཞིག་མིག་མཐོང་ལག་ཟིན་དུ་སྟོན་རྒྱུ་ཡོད་པར་མ་ཟད་འཛམ་བུ་གླིང་དུ་ཉིན་རེ་ནས་ཉིན་རེར་རྩ་ཇེ་ཆེ་དང་ཞིབ་འཇུག་གི་གཏིང་ཇེ་ཟབ་ལ་འགྲོ་བཞིན་ཡོད་པ་འདི་ནི་སློབ་དཔོན་ཆེན་པོ་ཐོན་མི་སམ་བྷོ་ཊ་ཁོང་གི་བཀའ་དྲིན་ཁོ་ན་ལས་མ་འདས་པས། ང་ཚོས་སྟོབས་ཤུགས་ཆིག་སྒྲིལ་དང་དཔུང་བ་མཉམ་གཤིབ་ཀྱི་སྒོ་ནས་ང་ཚོ་ལ་ཤེས་རིག་གི་མིག་བཟང་གནང་མཁན་གྱི་སློབ་དཔོན་ཆེན་པོ་ཐོན་མི་སམ་བྷོ་ཊའི་བཀའ་དྲིན་རྗེས་སུ་དྲན་པ་དང་ཁོང་གི་བླ་ན་མེད་པའི་སློབ་གསོའི་གདུགས་དཀར་མཐོ་རུ་གདེགས་རྒྱུ་དེ་ཡིན།

   སྐབས་སུ་བབས་པའི་ཐོན་མིའི་སློབ་གསོའི་བགྲོ་གླེང་འདི་ནི་རྩོམ་ཡིག་དང་སྦྲགས་པའི་གཏམ་བཤད། ཚན་ཁག་ཏུ་བགོས་པའི་བརྗོད་དོན་བགྲོ་གླེང་། དྲི་བ་དྲིས་ལན་གྱི་ཚུལ་དུ་རང་མོས་བགྲོ་གླེང་བྱེད་པ་བཅས་གོ་རིམ་གསུམ་གྱི་སྒོ་ནས་བསྒྲུབ་རྒྱུ་ཡིན། དང་བོ་རྩོམ་ཡིག་དང་སྦྲགས་པའི་གཏམ་བཤད་ནི་སྔོན་རྩོམ་བརྡ་བཏང་བའི་ནང་དོན་ལྟར་དོན་ཚན་བརྒྱད་དུ་དབྱེ་ཡོད་པས། དགོན་སྡེའི་ཁྲོད་ནས་ཕེབས་པའི་བླ་མ་དགེ་བའི་བཤེས་གཉེན་རྣམ་པ་དང་། སྤྱི་ཚོགས་སྟེང་དང་རྒྱ་བོད་ཀྱི་སློབ་ཆེན་ཁག་ནས་ཕེབས་པའི་མཁས་དབང་དང་དགེ་རྒན་ཆེན་མོ་རྣམ་པས་དོན་ཚན་བརྒྱད་པོ་ཡོངས་སུ་རྫོགས་པ་དང་རེ་འགའ། ཡང་ན་དོན་ཚན་གཅིག་ཁོ་ནའི་སྟེང་བྲིས་པའི་རྩོམ་ཡིག་ཁྱེར་ནས་ཕེབས་ཡོད་པས་ངས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་ཡོངས་ཀྱི་ཚབ་བྱས་ནས་བཀའ་དྲིན་ཆེ་དང་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན། 

     དེ་རིང་གི་ཚོགས་ཐོག་འདིར་དུས་ཚོད་ཀྱི་དབང་གིས་རྩོམ་ཡིག་གི་ནང་དོན་ཉིང་བསྡུས་དང་རང་གི་ལྟ་བ་རྣམས་ཐད་ཀར་གཏམ་བཤད་ཀྱི་ལམ་དུ་གསུངས་པ་ལས་རྩོམ་ཡིག་ཆ་ཚང་སྒྲོག་འདོན་བྱེད་རྒྱུ་མིན་པས་མཁས་དབང་རྣམ་པས་ཐུགས་ལ་འཛིན་པར་ཞུ།

    ཕྲན་ལ་མཚོན་ན་སྦྱངས་སྟོབས་ཀྱི་ཡོན་ཏན་དང་སྐྱེས་སྟོབས་ཀྱི་ཤེས་རབ་གང་གི་ཆ་ནས་བསམ་ནའང་འདི་འདྲའི་མཁས་པའི་དབང་བོ་མང་བོའི་མདུན་དུ་ཐོན་མིའི་སློབ་གསོའི་ལྟ་བ་བཤད་པའི་ཆུ་ཚད་མེད་པ་རང་གིས་གསལ་བོར་ཤེས་ཡོད། ཡིན་ན་ཡང་ཐེངས་འདིའི་ཐོན་མིའི་སློབ་གསོའི་བགྲོ་གླེང་ཚོགས་འདུ་སྒྲུབ་མཁན་ཡིན་པའི་ཆ་ནས་རང་གི་ལྟ་ཚུལ་ཙམ་མི་བཤད་ག་མེད་དུ་གྱུར་ཡོད། ཐེངས་འདིའི་ཐོན་མིའི་སློབ་གསོའི་བགྲོ་གླེང་ལ་དོན་ཚན་བརྒྱད་དུ་དབྱེ་བ་དང་དེ་རིང་གི་ཚོགས་ཐོག་ཏུ་བཤད་པའི་ལྟ་ཚུལ་རྣམས་ཀྱང་མི་རང་ཉིད་སྒེར་གྱིས་ནམ་རྒྱུན་བསམ་བློ་གཏོང་ཕྱོགས་དང་རང་གི་དྲན་ཚུལ་ཙམ་ཡིན་པས། ཐམས་ཅད་ལ་སྔར་མེད་ཀྱི་བློ་བསྐྱེད་གསར་བ་རེ་ཡོང་བའི་ངེས་པ་མེད་ཀྱང་བསམ་ཚུལ་བརྗེ་རེས་སམ་བསམ་ཚུལ་བསྡུ་ལེན་ཙམ་གྱི་རྨང་གཞིར་གྱུར་ན་བསམ་པ་གྲུབ་པ་ཡིན།

     ངས་ཐེངས་འདིའི་བགྲོ་གླེང་སྟེང་དུ་ཕེབས་པའི་མཁས་པའི་དབང་བོ་རྣམས་ཀྱི་སྙམ་ལམ་དུ་བསམ་ཚུལ་བརྗེ་རེས་ཀྱི་ཚུལ་དུ་བྲིས་པའི་རྩོམ་ཡིག་ལ་དོན་ཚན་དགུ་ཡོད་དེ། ཐོན་མིའི་སློབ་གསོའི་འདུ་ཤེས། ཐོན་མིའི་སློབ་གསོའི་དམིགས་ཡུལ། ཐོན་མིའི་སློབ་གསོའི་ཁ་ཕྱོགས། ཐོན་མིའི་སློབ་གསོའི་ནང་དོན། ཐོན་མིའི་སློབ་གསོའི་ཐབས་ལམ། ཐོན་མིའི་སློབ་གསོའི་ནུས་པ། ཐོན་མིའི་སློབ་གསོའི་དགེ་རྒན་གྱི་སྤུས་ཚད། ཐོན་མིའི་སློབ་གསོའི་སློབ་མིའི་སྤུས་ཚད། ཐོན་མིའི་སློབ་གསོའི་བསླབ་གཞིའི་སྤུས་ཚད་བཅས་ཡིན།

     ཐེངས་འདིའི་སློབ་གསོའི་བགྲོ་གླེང་ལ་ཐོན་མིའི་སློབ་གསོའི་བགྲོ་གླེང་ཞེས་པའི་མིང་འདོགས་དགོས་པའི་རྒྱུ་མཚན་ནི། ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གསོའི་ཁ་ཕྱོགས་གཙོ་བོ་ནི་བོད་མི་རིགས་ཀྱི་ཁྱད་དུ་འཕགས་པའི་སྲོལ་རྒྱུན་གྱི་རིག་གནས་རྒྱུན་འཛིན་བྱེད་པ་དམིགས་ཡུལ་གྱི་གཙོ་བོར་བཟུང་ནས་བོད་མི་རིགས་ཀྱི་གཟུངས་གཞུག་ལྡན་ཞིང་འགྲོ་བ་སེམས་ཅན་སྤྱི་དང་ཁྱད་པར་དུ་བོད་མི་རིགས་ཀྱི་དེང་གི་དུས་དང་མ་འོངས་པར་ཕན་པ་བསྒྲུབ་ཐུབ་པའི་མི་སྣ་བསྐྱེད་སྲིང་བྱ་རྒྱུ་དང་། སྤྱིར་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སློབ་གསོ་གང་དང་གང་འདྲ་ཞིག་ཡིན་ཡང་ཐོན་མི་སཾ་བྷོ་ཊའི་སློབ་གསོ་ལས་མཆེད་ཡོང་བ་མ་ཡིན་པ་ཆེས་ཉུང་ངུ་ལས་མེད་ལ། བོད་མི་རིགས་ཀྱི་ཆོས་འཇིག་རྟེན་གཉིས་ཀྱི་བྱ་བ་ཕལ་ཆེ་བ་ཡང་སློབ་དཔོན་ཆེན་པོ་ཐོན་མི་སཾ་བྷོ་ཊས་གསར་བཟོ་མཛད་པའི་བོད་ཐུན་མོང་གིས་བཀོལ་སྤྱོད་བྱེད་བཞིན་པའི་བོད་ཡིག་འདིས་བརྗོད་བྱ་བྱས་པ་ལ་བརྟེན་ནས་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་བ་ཡིན་པས་ན། འདིའི་རྒྱུ་མཚན་མི་ཤེས་པ་རྣམས་ལ་གསལ་བཤད་དང་བརྗེད་པ་རྣམས་ལ་དྲན་གསོའི་ཆེད་དུ་ཐོན་མིའི་སློབ་གསོ་ཞེས་བརྗོད་པ་ཡིན། གཞན་ཡང་འཛམ་གླིང་གི་རྒྱལ་ཁབ་གང་གི་མི་རིགས་གང་ལ་བལྟས་ཀྱང་རིག་གནས་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་མི་རིགས་དེས་ཁོང་ཚོའི་ཁྲོད་ཀྱི་ཆེས་ཤེས་འཇོན་འཛོམས་པའི་སྐྱེས་བུ་དེ་ཁོ་ཚོའི་ལྷ་ལྟ་བུར་བཀུར་ནས་ཚང་མས་ཁོའི་བསམ་བློ་དང་ཀུན་སྤྱོད་ལ་སློབ་སྦྱོང་དང་རྒྱུན་འཛིན་བྱས་པ་ལ་བརྟེན་ནས་རྒྱལ་ཁབ་དང་མི་རིགས་དེ་མཐུན་སྒྲིལ་དང་དར་རྒྱས་གོང་འཕེལ་དུ་སོང་བ་ཡིན། ང་ཚོ་བོད་མི་རིགས་ལ་མཚོན་ནའང་དེ་ལས་མ་འདས་པ་ཞིག་གཏན་ནས་མིན། འོན་ཀྱང་དུས་ཀྱི་འཕོ་འགྱུར་དང་རིག་གནས་གསར་བའི་མཁའ་དབུགས་ཀྱི་དབང་གིས་དེ་ལས་ལྡོག་སྟེ་གྲྭ་བ་རྣམས་ལ་མཚོན་ན་རྙིང་མ་བའི་ཁྲོད་དུ་ཤེས་འཇོན་གཉིས་འཛོམས་ཀྱི་མཁས་པ་ཞིག་བྱུང་ན་དགེ་ལུགས་པ་དང་ས་སྐྱ་བ་སོགས་གྲུབ་མཐའ་གཞན་དག་གིས་ཁས་མི་ལེན། དགེ་ལུགས་པའི་ཁྲོད་དུ་ཤེས་འཇོན་གཉིས་འཛོམས་ཀྱི་མཁས་པ་ཞིག་བྱུང་ན་ཡང་རྙིང་མ་བ་དང་ཇོ་ནང་བ་སོགས་གྲུབ་མཐའ་གཞན་དག་གིས་ཁས་མི་ལེན་པའི་གནས་ཚུལ་ཡོད། གྲོང་བ་རྣམས་ལ་མཚོན་ན་ཡང་རིག་གནས་གསར་རྙིང་གི་ཁྱད་པར། ཡུལ་ཕྱོགས་དང་གྲོང་ཚོའི་ཁྱད་པར་གྱིས་ང་ཚོ་ད་ལྟའི་བར་དུ་ཕྱོགས་རིས་དང་འཐེན་འཁྱེར་གྱི་དབང་དུ་ལུས་ཡོད་པ་རེད། དེང་སྐབས་ཀྱང་གྲྭ་བ་དང་གྲོང་བའི་ཁྲོད་དུ་ཕན་ཚུན་གྱི་ཤེས་འཇོན་ལྡན་པའི་མི་སྣ་ཁས་མི་ལེན་པའི་གནས་ཚུལ་ངན་པ་ཞིག་འབྱུང་བཞིན་ཡོད། ང་ཚོ་བོད་པ་ཚང་གི་ལོ་རྒྱུས་སྟེང་ཆེས་དུས་ཡུན་རིང་བོ་ལ་གྲུབ་མཐའ་རིས་མེད་དང་སྐྱ་སེར་ཐུན་མོང་གིས་གུས་བཀུར་བྱེད་ཀྱང་འོས་ལ་བྱེད་བཞིན་ཡང་ཡོད་པ་ནི་ཐོན་མི་སཾ་བྷོ་ཊ་མཆོག་ཡིན་མོད། དེང་སྐབས་མི་ལ་ལ་ཞིག་གིས་བོད་ཆོལ་ཁ་གསུམ་པོའི་ཐུན་མོང་གི་གྲིབ་སེལ་དུ་གྱུར་པའི་དཔག་བསམ་ལྗོན་ཤིང་གི་རྩ་བ་གཅོད་འདོད་དང་། བོད་ས་ཡ་དྲུག་པོ་ཕྲེང་སྐོར་གཅིག་ཏུ་བརྒྱུས་པའི་ཐག་པ་གཅོད་འདོད་གང་ཡིན་མི་ཤེས་མོད། གང་ལྟར་བསམ་བཞིན་ཡིན་ན་ཡང་འདྲ། གཞན་གྱིས་ངན་སྐུལ་བྱས་པ་ཡིན་ནའང་འདྲ། འཛམ་གླིང་གི་སྐྱེ་བོ་ཡོངས་ཀྱིས་འཆམ་མཐུན་སྤྱི་ཚོགས་གླེང་བའི་དུས་སྐབས་འདིར། ང་ཚོ་བོད་པ་ཚང་མ་ཞོ་བཞིན་དུ་ཆགས་མེད་ཀྱང་ཆགས་ན་ཆོག་ཆོག་ཡིན་པའི་གནད་འགག་གི་སྐབས་སུ་ཐོན་མིས་ཡི་གེ་བཟོས་པ་ཕར་ཞོག ཐ་ན་ཐོན་མི་ཟེར་བ་ཞིག་ཡོད་མེད་ཀྱི་ཐེ་ཚོམ་ཟ་དགོས་པའི་སྐད་ངན་སྒྲོག་གིན་འདུག  དེ་ལྟར་སྒྲོག་པའི་རྒྱུ་མཚན་ལ་མགོ་ཚོས་མ་ཚོས་མང་དུ་ལབ་ཀྱང་གཙོ་ཆེ་བ་ནི་ཏུན་ཧོང་གཏེར་ཡིག་ཏུ་མིང་ཙམ་ཡང་མི་འདུག་ཅེས་པ་དེ་རེད། རང་སེམས་ནང་དུ་ཁུག་ལ་རང་ལག་བྲང་སྟེང་དུ་བཞག་ནས་བསམ་བློ་བཞི་གསུམ་བཅུ་གཉིས་ཐོངས་ལ་བློ་རྩེ་ཉི་ཤུ་རྩ་ལྔ་ཁོལ་དང་། ང་ཚོ་བོད་མི་རིགས་རང་གི་མཁས་པ་ནམ་མཁའི་སྐར་ཚོགས་དང་ས་ཡི་རྩི་ཤིང་ལྟ་བུའི་གསུང་རྩོམ་བྲག་རི་ལས་བརྗིད་པ་དེ་དག་གི་ནང་དུ་ཁ་གསལ་ཞིང་ཁུངས་དག་པ་གྲངས་ཀྱིས་མི་ལང་བ་ཡོད་པ་རྣམས་ཕར་གཡུགས་ནས། ཏུན་ཧོང་གཏེར་ཡིག་གཅིག་པོ་ཁུངས་དག་ཏུ་འཛིན་དགོས་དོན་ཅི། དེ་ནི་ཕ་བསད་པས་མི་ཆོག་ཕ་བླ་རྡོ་ཡིས་བརྡུངས་པ་དང་གཡག་བཤས་པས་མི་ཆོག་གཡག་རྔ་ཤོམ་འདོགས་བྱས་པ་མ་ཡིན་ནམ། ཤེས་རྨོངས་པ་རང་ཉིད་ཀྱི་ཁོག་ལ་འཆར་ཚོད་ལྟར་ན། དེ་ལྟར་བཤད་འབྲི་བྱེད་མཁན་ཁོ་རང་གི་ངོས་ནས་ལྷག་བསམ་རྣམ་དག་གིས་བོད་མི་རིགས་ལ་ཕན་པའི་བསམ་བློ་བཏང་ཡོད་ན་ཡང་ཐང་། འོན་ཀྱང་བྱ་བ་འདིའི་མཇུག་འབྲས་ནི་བོད་པ་ཚང་རྩོད་གླེང་དང་འཐེན་འཁྱེར། འཐོར་ཞིག་དང་ནུས་མེད་ཀྱི་རྒྱུ་རུ་འགྱུར་འགྲོ་བས་སྐམ་པོས་རང་འབར་དང་མཁས་པས་རང་དྲན་བྱེད་པའི་འབོད་སྐུལ་ཡོད། གཅིག་ཐང་ན་བོད་མི་རིགས་ཀྱི་མཐུན་སྒྲིལ་ལ་གཏོར་བརླག་དང་རྒྱལ་ཁབ་གྱི་འཆམ་མཐུན་ལ་མདུང་གཙགས། འཛམ་གླིང་གི་ཞི་བདེ་ལ་རྡུལ་མཚོན་འཕེན་འདོད་ཤ་སྟག་གི་བསམ་ངན་སྦྱོར་རྩུབ་ཅིག་ཡིན་པ་མངོན་སུམ་རེད། ཡང་མིན་ན་དེ་བས་ཀྱང་ཐ་ཤལ་དུ་གྱུར་པ་སྟེ་གླ་རྔན་གྱི་ཆེད་དང་གྲུབ་མཐའི་ཕྱོགས་ཞེན་སོགས་རང་རྒྱལ་གཞན་ཕན་ཙམ་ལ་དམིགས་པའི་སྒེར་སེམས་ཁོ་ནའི་དབང་དུ་སོང་བ་ཞིག་རེད། ཐོན་མིའི་སློབ་གསོ་ནི་བོད་ཀྱི་ལོ་རྒྱུས་སྟེང་བྱུང་བའི་སྲོལ་རྒྱུན་གྱི་བསམ་བློའི་འདུ་ཤེས་འཛིན་སྟངས་རྣམས་གཞི་རྟེན་བྱས་ཏེ་སློབ་དཔོན་ཆེན་མོ་ཐོན་མི་སཾ་བྷོ་ཊ་མཆོག་གི་འཇིག་རྟེན་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ། རིན་ཐང་གི་ལྟ་ཚུལ། ཀུན་སྤྱོད་ལྟ་ཚུལ་བཅས་ལ་ཆེས་གཏིང་ཟབ་ལྡན་པའི་ཞིབ་འཇུག་དང་སྒྱུར་བཅོས་བྱས་པའི་ཉིང་བཅུད་ལྟ་བུ་ཡིན། ལོ་ངོ་ཆིག་སྟོང་བཞི་བརྒྱར་ཉེ་བའི་རིང་ལ་རྒྱུན་འཛིན་དང་དར་སྤེལ་བྱས་ནས་བོད་ཀྱི་སྲིད་འབྱོར་རིག་གསུམ་ལ་འོད་སྟོང་ལྡན་པའི་བྱས་རྗེས་ཆེན་པོ་བཞག  འཇིག་རྟེན་ལྟ་ཚུལ་ཟེར་བ་ནི་འགྲོ་བ་མིའི་རིགས་ཀྱིས་འཇིག་རྟེན་གྱི་བྱ་དངོས་ཡོངས་ལ་སྤྱི་བསྡོམས་ཀྱི་ཚུལ་གྱིས་བཟུང་བའི་རྩ་བའི་ལྟ་ཚུལ་ཡིན་ལ། ཐོན་མིའི་འཇིག་རྟེན་གྱི་ལྟ་ཚུལ་ཡང་ཐོན་མི་རང་ཉིད་གཙོ་བྱས་པའི་བོད་པ་སྤྱིའི་བསམ་བློ་དང་ལག་ལེན། ཉམས་མྱོང་ལ་བརྟེན་ནས་མི་དང་བྱ་དངོས་སོགས་ཡོད་དོ་ཅོག་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་གྲུབ་པའི་ལྟ་བ་ལ་ཟེར་དགོས། དེ་ཡང་ཐོན་མི་སཾ་བྷོ་ཊ་གཙོ་བྱས་པའི་བོད་མི་རིགས་ཀྱི་སྔོན་བྱོན་མཁས་དབང་རྣམས་ཀྱི་ཐུགས་དགོངས་རྣམས་སྤྱི་བསྡོམས་བྱས་པའི་ཉིང་བཅུད་ཡིན།

དང་བོ། ཐོན་མིའི་སློབ་གསོའི་འདུ་ཤེས།

    ཐོན་མིའི་སློབ་གསོའི་འདུ་ཤེས་ནི་མི་ཚེ་གཅིག་གི་དགོས་མཁོ་སྐོང་ཐབས་ཙམ་མ་ཡིན་པར་ཚེ་འདི་ལ་བླང་དོར་གྱི་ཁྱད་པར་ལ་མི་རྨོངས་པའི་མཁས་པའི་གོ་འཕང་ཐོབ་ཅིང་ཚེ་རབས་རྗེས་མ་རྣམས་ལའང་ཡོན་ཏན་གྱི་ངོ་བོ་གོང་འཕེལ་དུ་སོང་ནས་གཏན་གྱི་བདེ་སྐྱིད་བསྐྲུན་ཐུབ་པའི་ཡར་ཐོན་རྒྱུན་སྐྱོང་ཅན་གྱི་བསམ་བློ་ཁྱད་པར་བ་ཞིག་ཡིན་ཏེ། ཐོན་མི་སམ་བྷོ་ཊའི་ཞལ་ནས། རང་མཁས་པའི་ངེས་ཤེས་བློ་ལ་ཤར། འཕྲལ་ཡོན་ཏན་ཐམས་ཅད་ཁོང་དུ་ཆུད། །དུས་ད་ལྟ་དགའ་ལ་ཕྱི་མར་སྐྱིད། །ཅེས་གསུངས་ལ་རྗེས་འཇུག་མཁས་པ་རྣམས་ཀྱིས་ཀྱང་ཚེ་རབས་ཕྲེང་བརྒྱུད་ཀྱི་སློབ་གསོ་འདིའི་རྒྱུན་བསྐྱངས་པ་ཡིན་སྟབས། ས་སྐྱ་པཎྚི་ཏའི་ཞལ་ནས། ཚེ་འདིར་མཁས་པར་མ་གྱུར་ཀྱང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་པ་འདྲ། །ཞེས་གསུངས་སོ། །དེ་འདྲའི་བསམ་བློ་འདི་ནི་བོད་རང་གི་གདོད་མའི་ཆོས་ཏེ་བོན་པོའི་ཆོས་དང་རྒྱ་གར་ནས་དར་བའི་ནང་བསྟན་ཆོས་ལུགས་གཉིས་ཀྱི་ཚེ་སྔ་ཕྱི་འདོད་པའི་དགོངས་པ་དང་གཞི་གཅིག་ཏུ་བསྡུས་ནས་བོད་མི་རིགས་ཀྱི་བསམ་བློ་དང་ཡུལ་སྲོལ་གོམས་གཤིས་ལ་ཤ་འདྲིས་པགས་འདྲིས་སུ་སོང་སྟེ་ལོ་ངོ་སྟོང་ཕྲག་གཅིག་དང་བཞི་བརྒྱ་ལ་ཉེ་བར་རྒྱུན་བསྐྱངས་ཡོང་བའི་བོད་གངས་ཅན་པ་ཚང་གི་ཐུན་མོང་མ་ཡིན་པའི་སློབ་གསོའི་རིན་ཐང་གི་ལྟ་བ་རུ་མི་འཇོག་ཐབས་མེད་རེད་སྙམ། འཛམ་གླིང་སྟེང་གི་མི་རིགས་མང་བོ་ཞིག་ལ་མི་ཚེ་གཅིག་གི་རིང་ལ་སློབ་གསོ་གཏོང་བའི་ལུགས་སྲོལ་ཡོད་མོད་མི་ཚེ་མང་བོ་ལྷན་གཅིག་ཏུ་སྦྲེལ་ཏེ་སློབ་གསོ་གཏོང་བའི་སྲོལ་འདི་ཆོས་ལུགས་མང་བོ་ཞིག་དང་མི་རིགས་མང་བོ་ཞིག་ལ་མཚོན་ན་ཡ་མཚན་པའི་གནས་སུ་གྱུར་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་འདུག འོ་ན་ཐོན་མིའི་སློབ་གསོའི་ལྟ་བའམ་སློབ་གསོའི་འདུ་ཤེས་དེ་གང་ཡིན་ཟེར་ན། སེམས་ཅན་ལ་ཚེ་སྔ་ཕྱི་འདོད་ཅིང་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བ་ལས་འབྱུང་བར་འདོད་པ་དེ་ཡིན། དེའི་རྒྱུ་མཚན་གྱིས་ཐོན་མིའི་སློབ་གསོའི་ལྟ་བའམ་བོད་མིའི་སློབ་གསོའི་ལྟ་བ་ནི་ཚེ་རབས་འཕྲེང་བརྒྱུད་ཀྱི་སློབ་གསོའི་ལྟ་བ་ཤིག་ལ་ངོས་འཛིན་བྱེད་པར་འདོད་ལ། དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་རིགས་པ་ཡང་དག་གིས་གཏན་ལ་ཕབ་ཡིན་ནོ། །

སྡོམ་གྱི་ཚུལ་དུ་བཀོད་ན། ཆོས་ཀུན་རྟེན་ཅིང་འབྲེལ་འབྱུང་བས། །ཤེས་རབ་ལྷག་བསམ་བསྐྱེད་པའི་འབྲས། །ཚེ་རབས་ཕྲེང་བར་སྨིན་པའི་བློ། །ཐོན་མིའི་སློབ་གསོའི་འདུ་ཤེས་ཡིན། །

གཉིས་པ། ཐོན་མིའི་སློབ་གསོའི་དམིགས་ཡུལ།

     ཐོན་མིའི་སློབ་གསོའི་དམིགས་ཡུལ་ནི་མི་སུ་ཞིག་ཡིན་ཡང་རང་གི་བློ་དང་འཚམ་པའི་འདྲ་མཉམ་གྱི་སློབ་གསོ་མྱོང་བའི་གོ་སྐབས་བྱུང་ན་ཡོད་ཚད་ཤེས་རྟོགས་ཐུབ་པའི་ནུས་པ་དང་ལྡན་པས། མི་རྣམས་ཀྱི་རྒྱུད་ཀྱི་མ་རིག་པའི་རྨོངས་པ་རྣམས་ཡོངས་སུ་བསལ་ཏེ། རང་རྒྱུད་ཀྱི་བག་ལ་ཉལ་བའི་ཤེས་རབ་དང་འཇོན་ནུས་ཡོངས་རྫོགས་མངོན་འགྱུར་བྱས་ནས་ལེགས་ཉེས་བླང་དོར་འབྱེད་པ་ལ་མཆོག་ཏུ་མཁས་ཤིང་གཞན་དོན་སྒྲུབ་པའི་ལྷག་བསམ་གྱིས་ཡོངས་སུ་ཕྱུག་པའི་ནོར་དང་ལྡན་པ་དེ་ཡིན་ནོ། །

    སྡོམ་གྱི་ཚུལ་དུ་བཀོད་ན། བློར་འཚམ་སློབ་གསོ་ལ་བརྟེན་ནས། །བག་ཉལ་ཤེས་འཇོན་སྔོག་འདོན་ཅིང་། །བླང་དོར་གཞན་ཕན་སྒྲུབ་མཁས་པ། །ཐོན་མིའི་སློབ་གསོའི་དམིགས་ཡུལ་ཡིན། 

གསུམ་པ། ཐོན་མིའི་སློབ་གསོའི་ཁ་ཕྱོགས།

    འགྲོ་བ་མིའི་རིགས་སུ་སྐྱེས་པ་སུ་ཞིག་ཡིན་ཡང་སྐྱེས་མ་ཐག་པ་ནས་རང་གཤིས་བཟང་བོ་ཡིན་པའི་ངེས་པ་མེད་ལ་རང་གཤིས་ངན་པ་ཡིན་པའི་ངེས་པའང་མེད་དེ་ཆོས་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་གྱི་དབང་དུ་སོང་ཡོད་པས་སོ། །མི་སྐྱེས་མ་ཐག་ནས་གཤིས་རྒྱུད་ངན་པ་ཡིན་པར་བཤད་པའི་ཁུང་ཙིའི་འདོད་ཚུལ་དང་མི་སྐྱེས་མ་ཐག་ནས་གཤིས་རྒྱུད་བཟང་བོ་ཡིན་པར་བཤད་པའི་ཀོའོ་ཙིའི་འདོད་ཚུལ་གང་ཡིན་ཡང་བོད་མི་རིགས་ཀྱི་སློབ་གསོའི་ཁ་ཕྱོགས་དང་གཏན་ནས་མི་མཚུངས་པ་ཡིན་ཏེ། ཐོན་མིའི་སློབ་གསོའི་ཁ་ཕྱོགས་ནི་གཤིས་རྒྱུད་ལ་བཟང་ངན་གྱི་ངེས་པ་མེད་པས་བྱིས་པའི་གཤིས་རྒྱུད་ཀུན་སྤྱོད་ཀྱི་སློབ་གསོ་རྨང་གཞིར་བཟུང་སྟེ་ཤེས་རིག་སྣ་མང་ལ་རིས་སུ་མ་ཆད་པར་སྦྱངས་པ་བྱས་ནས་ཤེས་སྤྱོད་གཉིས་ལྡན་གྱི་མཁས་པ་བསྐྱེད་སྲིང་བྱ་རྒྱུ་དེ་ཡིན་ནོ། །

   སྡོམ་གྱི་ཚུལ་དུ་བཀོད་ན། མི་གཤིས་བཟང་ངན་གང་ཡིན་ཡང་། །ཀུན་སྤྱོད་ཤེས་རིག་ཟུང་འབྲེལ་ན། །འཛམ་གླིང་མཁས་པའི་རྩེར་སོན་པ། །ཐོན་མིའི་སློབ་གསོའི་ཁ་ཕྱོགས་ཡིན། །

 བཞི་བ། ཐོན་མིའི་སློབ་གསོའི་ནང་དོན།

    ཐོན་མིའི་སློབ་གསོའི་ནང་དོན་ནི་དངོས་བསྟན་རྩ་བའི་རིག་གནས་བཅུ་དང་ཤུགས་བསྟན་ཡན་ལག་གི་རིག་གནས་བརྒྱད་བཅས་ཁྱོན་སློབ་གསོའི་ནང་དོན་ལ་རིག་གནས་བཅོ་བརྒྱད་དུ་དབྱེ་རུང་བར་སྙམ་སྟེ། དངོས་བསྟན་རིག་གནས་བཅུ་ནི་བཟོ་རིག་པ། གསོ་བ་རིག་པ། སྒྲ་རིག་པ། གཏན་ཚིགས་རིག་པ། ནང་དོན་རིག་པ་སྟེ་རིག་གནས་ཆེ་བ་ལྔ། སྙན་ངག་དང་མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་ཏེ་རིག་གནས་ཆུང་བ་ལྔ། ཤུགས་བསྟན་གྱི་རིག་གནས་བརྒྱད་ནི་དཔལ་འབྱོར་རིག་པ་དང་སྒྱུ་རྩལ་རིག་པ། སྐྱེ་དངོས་རིག་པ། སེམས་ཁམས་རིག་པ། ཆབ་སྲིད་རིག་པ། འཚོ་ཚིས་རིག་པ། མཛེས་དཔྱོད་རིག་པ། སྤྱི་ཚོགས་རིག་པ་སྟེ་ཡན་ལག་གི་རིག་གནས་བརྒྱད་བཅས་བཅོ་བརྒྱད་དོ། ། 

      སྡོམ་གྱི་ཚུལ་དུ་བཀོད་ན། རྩ་བ་བཅུ་ཕྲག་རིག་གནས་ལ། །ཡན་ལག་བརྒྱད་ཀྱིས་ཉེར་བརྒྱན་ཏེ། །དུས་ཀྱི་རིག་པས་གསོས་འདེབས་པ། །ཐོན་མིའི་སློབ་གསོའི་ནང་དོན་ཡིན། །

ལྔ་བ། ཐོན་མིའི་སློབ་གསོའི་ཐབས་ལམ།

      ཐོན་མིའི་སློབ་གསོའི་ཐབས་ལམ་ནི་བོད་ཀྱི་སྔོན་བྱོན་མཁས་པའི་དབང་བོ་རྣམས་ཀྱི་སློབ་གསོའི་ཐབས་ལམ་གྱི་བསམ་བློའི་ཉིང་བཅུད་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ནས་རིག་གནས་ཆེ་ཆུང་བཅུ་གཙོ་བོར་བྱས་པའི་སློབ་སྦྱོང་བྱེད་པའི་སློབ་གསོའི་ཐབས་ལམ་ལ་གོ་དགོས། མདོར་ན་མངལ་གནས་ཀྱི་སློབ་གསོའི་ཐབས་ལམ་ནས་བཟུང་དགའ་ལྡན་གསེར་ཁྲིའི་བར། དགའ་ལྡན་གསེར་ཁྲི་ཟུར་བ་ནས་བཟུང་མ་ཤི་བའི་བར་དུ་ཇི་ལྟར་ཕྱོགས་ཡོངས་ནས་རང་ཉིད་ཀྱི་ཆུ་ཚད་མཐོར་འདེགས་བྱེད་པའི་སློབ་གསོའི་ཐབས་ལམ་ཆ་ཚང་བ་ཞིག་ཡོད་པ་དེ་ཡིན། ཁྱད་ཆོས་ཀྱི་ཕྱོགས་ནས་མདོ་ཙམ་བཤད་ན། གཅིག བསླབ་ལ་འཇུག་པའི་རིམ་པ་སྐས་ཐེམ་ལྟར་འགྲོ་བ་ཤིན་ཏུ་གལ་ཆེ་བས་ན་སུམ་ཅུ་བའི་རྩ་བར། བསླབ་ལ་བརྩོན་པའི་གང་ཟག་གིས། །དང་བོ་ང་རོ་རྣམས་ལ་སྦྱང་། །སྔོན་འཇུག་མིང་གཞི་རྗེས་འཇུག་རྣམས། །ཀློག་གི་ཆེད་དུ་བསླབ་པ་ཡིན། །རྗེས་འཇུག་བཞི་ཡི་སྦྱོར་བ་ནི། །ཉན་བསམ་བསྟན་པའི་ཆེད་དུ་སྦྱང་། །ཡན་ལག་དེ་དག་མཐུ་ཡིས་ནི། །འབྲས་བུའི་ཆེད་དུ་གཏན་ལ་དབབ། །བསླབ་པའི་རིམ་པ་འདི་ཡིས་ནི། །གང་ཞིག་འབད་པ་ཆུང་ངུས་ཀྱང་། །ཤེས་རབ་མྱུར་དུ་གྲོལ་བར་གྱུར། །ཞེས་གསུངས་པ་ལྟར་སྦྱང་བྱ་གང་འདྲ་ཞིག་ཡིན་ཡང་སློབ་མའི་ཆུ་ཚད་དང་མཐུན་པའི་བསླབ་དེབ་རྒྱས་བསྡུས་རན་པ་སོགས་འདེམ་གསེས་ཀྱི་རང་བཞིན་ལྡན་ཞིང་བཀོལ་སྤྱོད་ཀྱི་རིན་ཐང་ཆེ་བ་དེ་ཡིན། གཉིས། དགེ་རྒན་གྱིས་ཐོག་མར་རང་གི་ལུས་ངག་ཡིད་གསུམ་ལེགས་ལམ་དུ་ཞུགས་ནས་སློབ་མ་ལ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། གསུམ། སློབ་མའི་རྒྱུད་ཚོད་དང་བསྟུན་ནས་བསླབ་དེབ་ལ་རྒྱས་འབྲིང་བསྡུས་གསུམ་དུ་བཀར་ཏེ་སློབ་མས་རང་གི་ཡོན་ཚད་ཀྱི་ནུས་པ་དང་མཐུན་པའི་སྦྱང་བྱ་འདེམ་པར་རང་དབང་ལྡན་པ། བཞི། སྦྱང་བྱའི་གཞུང་གང་ཡིན་ཡང་རྩ་བ་དང་སྡོམ། མཆན། འགྲེལ་བ་ཡོད་པར་མ་ཟད་གཞུང་ཆེན་རྣམས་ལ་མཐའ་དཔྱོད་དང་རྒྱ་ཆེར་འགྲེལ་སོགས་མགོ་རྔ་ཆ་ཚང་བའི་སློབ་གསོའི་ཐབས་ལམ་ཞིག་གཏན་ཆགས་སུ་གནས་ཡོད། ལྔ། ཀུན་སྤྱོད་སློབ་གསོའི་ཆ་ནས་གཙོ་བོ་ལུས་ངག་ཡིད་གསུམ་གྱི་ངན་ཤུགས་ལ་བྱི་དོར་དང་བཟང་ཕྱོགས་རྣམས་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བའི་འདུ་ཤེས་བསྐྱེད་སྲིང་བྱེད་པ། དྲུག སློབ་མ་རྣམས་སྔ་རྒོལ་དང་ཕྱི་རྒོལ་བྱས་ཏེ་ཐལ་འགྱུར་གྱི་ལམ་ནས་སྦྱང་བྱའི་གནས་ལ་རྩོད་པའི་བརྡར་ཤ་བཅད་དེ་སློབ་མས་རང་འགུལ་གྱིས་སློབ་སྦྱོང་བྱེད་པ་དང་རང་སྟོབས་ཀྱིས་དཔྱད་པ་བྱེད་པའི་ནུས་ལ་སྐུལ་འདེད་བྱེད་པ། བདུན། སློབ་ཁང་ནང་དུ་སློབ་ཁྲིད་བྱེད་སྐབས་དང་ཕྱི་རོལ་གྱི་རྩོད་རའི་ནང་དུ་རྩོད་པ་བྱེད་སྐབས་གང་ཡིན་ཡང་སློབ་མ་ཕན་ཚུན་བར་ལ་རྩོད་པ་བྱེད་པ་མ་ཟད་དགེ་རྒན་གྱིས་སློབ་མའི་རྒྱུད་ཚོད་དང་བསྟུན་ནས་མཛུབ་སྟོན་རང་བཞིན་གྱིས་སློབ་མ་ལ་རྩོད་པ་བྱེད་པ། བརྒྱད། དང་བོར་གཞན་ལས་དཔེ་ཁྲིད་ཉན་པ་ལ་བརྟེན་ནས་ཐོས་བྱུང་གི་ཤེས་རབ་བསྐྱེད། བར་དུ་ཐོས་པའི་དོན་དེ་ལུང་དང་རིགས་པས་ཚུལ་བཞིན་དུ་དཔྱད་ནས་བསམ་བྱུང་གི་ཤེས་རབ་བསྐྱེད། ཐ་མར་ཐོས་བསམ་གྱིས་ངེས་པར་བྱས་ནས་ཐེ་ཚོམ་དང་བྲལ་བའི་སྒོམ་བྱུང་གི་ཤེས་རབ་བསྐྱེད་དེ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་སློབ་གཉེར་བྱེད་པ་འདི་ཐོན་མིའི་སློབ་གསོའི་ཁྱད་ཆོས་འབུར་དུ་ཐོན་པའི་ཐབས་ལམ་ཞིག་ཡིན་པར་སེམས་སོ། །

      སྡོམ་གྱི་ཚུལ་དུ་བཀོད་ན། རང་གཞན་ཟུང་འབྲེལ་རྣམ་གསུམ་སྒོས། །བསླབ་པའི་སྐས་རིམ་མ་འཆོལ་བར། །ཐོས་བསམ་ལག་ལེན་ཟུང་འབྲེལ་བ། །ཐོན་མིའི་སློབ་གསོའི་ཐབས་ལམ་ཡིན། །

དྲུག་པ། ཐོན་མིའི་སློབ་གསོའི་ནུས་པ།

    སློབ་གསོའི་ནུས་པ་ལ་འདོད་ཚུལ་མང་དུ་ཡོད་དེ།  རྒྱ་མི་རིགས་ཀྱི་སློབ་གསོའི་དེད་དཔོན་ཆེན་མོ་ཁུང་ཙི་ལགས་ཀྱིས་སློབ་གསོའི་ནུས་པ་ལ་བཟུང་བའི་ལྟ་ཚུལ་གྱི་དབང་དུ་བྱས་ན།  སློབ་གསོ་ནི་ཆབ་སྲིད་དང་ཁ་འབྲལ་ཐབས་མེད་ལ་སློབ་གསོའི་བྱ་བ་དེ་ཆབ་སྲིད་ཀྱི་བྱ་བའི་རྣམ་པ་ཞིག་ཡིན་ཟེར།  ཁོང་གིས་སློབ་གསོ་ལ་འབད་བརྩོན་གནང་བ་ཡང་རང་གི་ནུས་ཤུགས་གསོ་སྐྱོང་བྱེད་པ་དང་།  རང་གི་ཆབ་སྲིད་ཀྱི་མ་རྩ་ཇེ་མཐོར་གཏོང་བ།  རང་གིས་ཁྱབ་སྤེལ་དུ་གཏོང་བའི་ཆབ་སྲིད་ཀྱི་འདོད་བློ་བདེ་བླག་ངང་འགྲུབ་པར་དམིགས་པ་ཡིན།  དེའི་ཕྱིར་སློབ་གསོ་དང་མི་གྲངས།  རྒྱུ་ནོར་གསུམ་ནི་ཁུང་ཙིས་རྒྱལ་ཁབ་འཛུགས་པའི་རྒྱུ་རྐྱེན་གྱི་གཙོ་བོ་རུ་ངོས་འཛིན་བྱེད་ཀྱིན་ཡོད།

ཐོན་མིའི་སློབ་གསོའི་ནུས་པ་ལ་མཚོན་ན་རང་གི་ནུས་ཤུགས་གསོ་སྐྱོང་བྱེད་མི་ཐུབ་པ་དང་ཆབ་སྲིད་ཀྱི་མ་རྩ་མཐོ་རུ་གཏོང་བའི་ནུས་པ་མེད་པ།  རང་གི་ཆབ་སྲིད་ཀྱི་འདོད་བློ་སྐོང་མི་ནུས་པ་མིན་མོད།  ཐོན་མིའི་སློབ་གསོའི་ནུས་པ་ནི་དེ་ཙམ་གྱིས་འཐུས་པ་ཞིག་གཏན་ནས་མིན་ཏེ།  སྦྱང་བྱའི་ཡུལ་དུ་གྱུར་པའི་ཆོས་རྣམས་ཀྱི་ངོ་བོ་དང་ཁྱད་པར།  དབྱེ་བ་སོགས་ལ་མི་རྨོངས་པར་ཁོང་དུ་ཆུད་པར་བྱས་ཏེ་རང་གི་ལུས་ངག་ཡིད་གསུམ་གྱི་མི་དགེ་བའི་ལས་ངན་པ་ཐམས་ཅད་ལྡོག་པར་བྱེད་པ། བླང་དོར་གྱི་གནས་ལ་མི་རྨོངས་པར་དོན་མཐུན་གྱི་བྱ་བ་རྣམས་ལག་ལེན་དུ་བསྟར་ནས་སེམས་ཅན་ཐམས་ཅད་ལ་མཐར་ཐུག་གི་བདེ་བ་ཁྱད་པར་ཅན་བསྐྲུན་ཐུབ་པ་དེ་ཡིན་ནོ། །

    སྡོམ་གྱི་ཚུལ་དུ་བཀོད་པ་ནི། རྨོངས་སེལ་ཆོས་བཅུའི་དོན་རྟོགས་ཤིང་། །སྡིག་ལྡོག་དགེ་སྒྲུབ་ལས་ལ་སྤྲོ། །གྲོགས་ནོར་དཔལ་ལྡན་མཁས་རྣམས་མགུ། །ཐོན་མིའི་སློབ་གསོའི་ནུས་པ་ཡིན། །

བདུན་པ། ཐོན་མིའི་སློབ་གསོའི་སྤུས་ཚད།

     དགེ་རྒན་མཚན་ཉིད་ཚང་བས་གཅིག ། སློབ་མ་ཚད་དང་མཐུན་པས་གཉིས། །བསླབ་གཞི་ཚད་དང་ལྡན་པས་གསུམ། །འཛོམས་པ་ཐོན་མིའི་སློབ་གསོའི་ཚད། །

    གཅིག  དགེ་རྒན་གྱི་སྤུས་ཚད།   དགེ་རྒན་ནི་མི་རིགས་ཀྱི་སྣེ་ཁྲིད་པ་དང་རྒྱལ་ཁབ་ཀྱི་ལམ་སྟོན་མཁན་ཡིན།  དགེ་རྒན་བཟང་བོ་གཅིག་གིས་སློབ་མ་སྟོང་ཕྲག་མང་བོ་མི་ཚད་ལྡན་ཞིག་ཏུ་བསྐྱེད་སྲིང་བྱས་ནས་སྤྱི་ཚོགས་སྟེང་ལ་གཏོང་བཞིན་ཡོད་པས་དགེ་རྒན་བཀའ་དྲིན་ཅན་དེ་དག་ནི་སྤྱི་ཚོགས་ཀྱི་མུན་སེལ་སྒྲོན་མེ་ཡིན་པ་ཚང་མས་བརྗེད་ཀྱང་མེད་ལ་བརྗེད་ཀྱང་མི་རུང་།  དེ་བཞིན་དུ་དགེ་རྒན་ངན་པ་ཞིག་གིས་སློབ་མ་སྟོང་ཕྲག་མང་བོའི་མི་གཞི་དང་ཡོན་ཚད་ལ་སྣང་མེད་བྱས་ཏེ་སྤྱི་ཚོགས་ལ་མི་ངན་མང་བོ་བསྐྱེད་སྲིང་བྱེད་བཞིན་ཡོད་པས་ཁྱིམ་བདག་དང་སྤྱི་ཚོགས་ནས་དོ་སྣང་དང་གཟབ་ནན་བྱེད་དགོས།  འོ་ན་ཐོན་མིའི་སློབ་གསོའི་དགེ་རྒན་གྱི་སྤུས་ཚད་དམ་ཚད་གཞི་ལ་གང་དག་ཚང་དགོས་ཟེར་ན།  དགེ་རྒན་གྱི་མཚན་ཉིད་དམ་ཚད་གཞི་ལ་འདོད་ཚུལ་མང་དུ་ཡོད་མོད།  འདིར་མ་མཐར་བཟུང་ནས་བཤད་ན།  དགེ་རྒན་ཡིན་ན་ཞི་དུལ་བག་ཡོད་ཀྱི་མི་གཞི་ལེགས་པོས་རྨང་གཞི་བྱས་ནས་རང་ཉིད་དགེ་རྒན་ཡིན་པའི་ལས་ཀ་ལ་སྤྲོ་སྣང་ལྡན་པ་ཞིག་ངེས་པར་དགོས་མོད།  དེང་སྐབས་ཀྱི་དགེ་རྒན་ལ་ལས་རང་ཉིད་དགེ་རྒན་ཡིན་བཞིན་དུ་དགེ་རྒན་གྱི་ལས་ཀ་ལ་སུན་སྣང་དང་ངན་སྨྲས་ཀྱི་དྲག་ཆར་འབེབ་བཞིན་ཡོད་པས་དེས་ནི་དགེ་རྒན་གྱི་ལས་ཀ་མི་འགྲུབ་པ་ཐག་གིས་ཆོད།  དེ་བཞིན་དུ་དགེ་རྒན་ལ་སློབ་མ་ལས་ལྷག་པའི་ཡོན་ཏན་ཞིག་མེད་ན་སློབ་མ་ལ་ཡར་སྐྱེད་ཡོང་མི་ཐུབ་ལ།  སློབ་མ་ལས་ལྷག་པའི་ཡོན་ཏན་ཡོད་ཅིང་བསླབ་བྱའི་གནས་རྣམས་ལ་སྦྱང་བརྩོན་དང་ལྡན་པ།  ཁྲིད་བྱའི་གཞུང་དོན་ལ་ངེས་པ་ཟབ་ཅིང་བརྗོད་བྱ་རྗོད་བྱེད་རྟོགས་པའི་ནང་དོན་འཆད་པ་ལ་སྨྲ་མཁས་དང་ལྡན་པ།  བླང་དོར་གྱི་གནས་ལ་རྨོངས་པའི་སློབ་མ་རྣམས་ལ་བརྩེ་བའི་སྤྱན་གྱིས་གཟིགས་ཤིང་སློབ་མ་བདག་སྐྱོང་བྱེད་པ་ལ་ཐུགས་ངལ་སྐྱོ་བ་མེད་པ་ཞིག་ངེས་པ་ཡིན་དགོས་སོ། ། 

    སྡོམ་གྱི་ཚུལ་དུ་བཀོལ་ན།  ཞི་དུལ་བག་ཡོད་ལས་ལ་སྤྲོ། །ཡོན་ཏན་ལྷག་ཅིང་བསླབ་ལ་བརྩོན། །གཞུང་དོན་རྟོགས་ཤིང་སྨྲ་མཁས་ལྡན། །བརྩེ་བའི་སྐྱོང་བ་དགེ་རྒན་མཆོག །

   གཉིས།  སློབ་མའི་སྤུས་ཚད།   ཐོན་མིའི་སློབ་གསོའི་སློབ་མའི་སྤུས་ཚད་ནི་ཐོན་མི་སཾ་བྷོ་ཊའི་ཞལ་ནས།  བསླབ་པ་གང་ལ་དད་པ་ཡི། །གཞུང་ཉིད་བླ་མ་རྣམས་ལས་ཉན། །སློབ་དཔོན་དེ་ཉིད་དུ་འཛིན་ཅིང་། །ལེ་ལོ་གཡེང་བ་རྣམ་པར་སྤངས། །ཟོ་བཟང་དད་པ་ལ་བརྟེན་པ། །སྐྱེས་སུ་དེས་ནི་མྱུར་རྟོགས་ཏེ། །དེ་ལ་དུས་སུ་འདོམས་པར་བྱ། །ཅིག་ཤོས་དེ་ལས་ལྡོག་པའོ། །ཞེས་གསུང་པ་ལྟར་རོ། །

       སྡོམ་གྱི་ཚུལ་དུ་བཀོད་ན།  གཟུར་གནས་བློ་ལྡན་དོན་གཉེར་བ། །སློབ་དཔོན་ལ་གུས་ཡིད་གཏོད་པ། །ནམ་ཡང་སློབ་མར་འདུ་ཤེས་པ། །སློབ་མ་བཟང་བོའི་སྤུས་ཚད་ཡིན། །

      གསུམ།  བསླབ་གཞིའི་སྤུས་ཚད།  དགེ་རྒན་མཚན་ཉིད་ཚང་བ་ཞིག་དང་སློབ་མ་ཚུལ་དང་མཐུན་པ་གཉིས་འཛོམས་ཀྱང་བསླབ་གཞི་སྤུས་ཚད་དང་ལྡན་པ་ཞིག་མེད་ན་སློབ་གསོའི་སྤུས་ཚད་མཐོན་པོ་ཞིག་ཡོང་རྒྱུ་ཤིན་ཏུ་དཀའ།  དེའི་ཕྱིར་སློབ་མའི་བློ་དང་འཚམས་ཤིང་བོད་མི་རིགས་ཀྱི་སྲོལ་རྒྱུན་དང་མཐུན་པའི་དོན་བསྡུས་གནད་འཁེལ་གྱི་བསླབ་གཞི་ནི་མེད་དུ་མི་རུང་བའི་སློབ་གསོའི་ལག་ཆ་གལ་ཆེན་ཞིག་ཡིན་པས།  ཐོན་མིའི་སློབ་གསོའི་བསླབ་གཞི་ཡིན་ན་སློབ་མའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་མཐའ་དག་ལ་བདུད་རྩི་སྨན་གྱི་ནུས་པ་ཐོན་ཞིང་བོད་མི་རྣལ་མ་ཞིག་གི་གཟུངས་གཞུག་ལྷད་མེད་ཅིག་ཡིན་དགོས།

     སྡོམ་གྱི་ཚུལ་དུ་བཀོད་ན།  བློ་འཚམ་སྲོལ་མཐུན་གནད་ལ་འཁེལ། །ལུས་ངག་ཡིད་ཀྱི་སྤྱོད་ལམ་ལ། །བདུད་རྩི་སྨན་གྱི་ཁུར་འཛིན་པ། །ཐོན་མིའི་བསླབ་གཞིའི་སྤུས་ཚད་ཡིན། །

      ཐོན་མི་སཾ་བྷོ་ཊ་ནི་བོད་ཀྱི་ལོ་རྒྱུས་སྟེང་བྱུང་ཆེས་ཕུལ་དུ་བྱུང་བའི་སློབ་གསོ་བ། གསར་གཏོད་པ། བསམ་བློ་བ། དམག་དོན་པ། ཆབ་སྲིད་པ་བཅས་ཡིན་པས་ཁོང་གི་སློབ་གསོའི་བསམ་བློ་འདིས་བོད་གངས་ཅན་པ་ཚང་ལ་མུན་པ་སེལ་བའི་སྒྲོན་མེ་བསྒྲོན་པར་མ་ཟད་འཛམ་གླིང་གི་མིའི་རིགས་ལ་སྣེ་ཁྲིད་དང་ལམ་སྟོན་གྱི་ནུས་པ་གལ་ཆེན་ཐོན་ཡོད།  ཁྱད་པར་དུ་བོད་ཐུན་མོང་གིས་བཀོལ་སྤྱོད་བྱེད་ཆོག་པའི་ཡི་གེ་གསར་གཏོད་གནང་བ་འདིས་བོད་ཀྱི་སློབ་གསོ་འཕེལ་རྒྱས་དང་དཔལ་འབྱོར་དར་རྒྱས།  ཆབ་སྲིད་བརྟན་བརླིང་ཡོང་བར་བླ་ན་མེད་པའི་བྱས་རྗེས་ངོ་མཚར་བ་བཞག་ཡོད་པས་བོད་སྤྱི་ལ་བཀའ་དྲིན་ཆེས་ཆེ་བའི་སློབ་དཔོན་གྱི་ཐོག་མར་གྱུར་པ་ཡིན།  ཁོང་གིས་བོད་ཡིག་གསར་གཏོད་གནང་བ་ནས་བཟུང་མཐོ་རྒྱལ་བོ་དང་བར་བློན་པོ།  འོག་སྤྱི་འབངས་དང་བཅས་པ་ལ་ཡི་གེ་བསླབ་ཏུ་བཅུག་ནས་བོད་གངས་ཅན་པ་ལ་ཡིག་རྨོངས་སེལ་བའི་འགོ་ཚུགས་པ་ཡིན།  ཁོང་གི་སློབ་གསོའི་རྩ་དོན་ནམ་སློབ་གསོའི་ལྟ་བ་ནི་ཆབ་སྲིད་ཀྱི་དགོས་མཁོ་ཙམ་དང་ཡང་ན་རང་ཉིད་གཅིག་པུ་མཆོག་གྱུར་གྱི་དམིགས་ཡུལ་ཆུང་ངུ་དེ་ཙམ་མ་ཡིན་པར་མིའི་རིགས་ཀྱི་ནུས་པ་སྣ་ཚོགས་སྔོག་འདོན་བྱས་ཏེ་དོན་དངོས་ཀྱི་ཞི་བདེ་རྣལ་མ་ཞིག་འཚོལ་རྒྱུ་དེ་ཡིན་པས།  རྗེས་རབས་མཁས་དབང་རྣམས་ཀྱི་བརྟན་པ་ཅིག་ཅར་དུ་ཕྲོགས་ནས་མཐའ་ད་ལྟའི་བར་དུ་འཛིན་སྐྱོང་སྤེལ་གསུམ་གྱིས་འཕེལ་རྒྱས་བྱུང་བ་འདི་བཞིན་ལགས་སོ། །


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2017-10-06 ལྟ་ཀློག (8422)