​རི་གཤམ་འདི་ནས་མི་ལོ་ཉེར་གསུམ་བསྐྱལ།


རི་གཤམ་འདི་ནས་མི་ལོ་ཉེར་གསུམ་བསྐྱལ།



རི་གཤམ་འདི་ནས་མི་ལོ་ཉེར་གསུམ་བསྐྱལ།།

བློ་དང་ལང་ཚོ་དར་ཞིང་རྒས་པར་གྱུར།།
བསྟོད་སྨད་རྣ་རྒྱན་གསོལ་བ་མཐའ་ཡས་ཀྱང་།།
ཁས་བླངས་དམ་ཚིག་མ་འགྱུར་གློ་བ་དགའ།།

རྨ་ཁུགས་འདི་ནས་མི་ལོ་ཉེར་གསུམ་བསྐྱལ།
གངས་རིའི་བརྒྱུད་འཛིན་སྟོང་ཕྲག་ཁ་ཤས་བསྐྱངས།།
ཞི་དྲག་ཐབས་ཤེས་བཀོལ་བ་སྣ་ཚོགས་ཀྱང་།།
གཞན་ཕན་རྩི་དང་མ་བྲལ་གློ་བ་དགའ།།

རྡོ་ཁང་འདི་ནས་མི་ལོ་ཉེར་གསུམ་བསྐྱལ།།
མདོ་རྒྱུད་རིག་པའི་གཏེར་ལ་དགའ་ཙམ་རོལ།།
དམུ་རྒོད་སེམས་འདི་གྱོང་གྱོང་འདྲ་ན་ཡང་།།
མི་ཚེ་འཕྲོ་བརླག་མ་བྱས་གློ་བ་དགའ།།

དབེན་གནས་འདི་ནས་མི་ལོ་ཉེར་གསུམ་བསྐྱལ།།
བརྩམས་ཆོས་པོ་ཏིར་བསྡེབས་པ་མང་ཙམ་བྲིས།།
འགལ་འཁྲུལ་ཉེས་བཤད་མེད་པ་མ་ལགས་ཀྱང་།།
ཁ་བཤད་སྟོང་བར་མ་བསྡད་གློ་བ་དགའ།།

དགའ་སྐྱོ་ཆགས་སྡང་ཡོད་ལུགས་འདྲ་འདྲ་ལ།།
ཨུ་ཚུགས་མཐའ་འཁྱོལ་བྱེད་ལུགས་མི་འདྲ་བའི།།
སྒོ་སམ་ས་སྨྱུག་གཉིས་ཀྱི་གཏན་གྲོགས་ངའི།།
ཕྱིར་དྲན་རྟ་ཕོ་བཤུལ་རིང་ལམ་དུ་ཤོར།།

    ༢༠༡༧-༩-༢༣ཉིན་་ལྡོང་ཡོན་ཏན་རྒྱ་མཚོར་འབོད་པའི་གྱི་ན་བ་དེས་ཤེས་རིག་ནོར་བུའི་སློབ་གླིང་དུ་བྲིས།

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2017-09-23 ལྟ་ཀློག (3701)