ཨ་མྱེས་ཀེ་ཐོའི་ངོ་སྤྲོད་ཕྲན་བུ།

༄༅།།ཨ་མྱེས་ཀེ་ཐོའི་ངོ་སྤྲོད་ཕྲན་བུ།

པད་དཀར་འབངས་ཀྱིས།

     ཨ་མྱེས་ཀེ་ཏི་(1)ཞེས་པའི་གནས་བདག་འདི་ནི་སྤྱིར་ན་དཀར་ཕྱོགས་སྐྱོང་ཞིང་ཁྱད་པར་དུ་རིན་ཆེན་མཛོད་ལ་མངའ་མཛད་པའི་གཏེར་སྲུང་ཆེན་པོ་ཞིག་སྟེ་འཁོར་དུ་དམུ་དང་སྲིན་པོས་(2)བསྐོར་བ་ཞིག་ཡིན། གནས་བདག་གི་གཏོར་འབུལ་རོང་ཆེན་ལྗགས་ནག་པའི་སྐྱེ་སྤྲུལ་གང་ཞིག་གིས་མཛད་པ་ལས། བཙན་གྱི་རྒྱལ་བོ་ཀེ་ཏི་དམར་ཡག་ཅེས། ། ཡོངས་དྲགས་དགྲ་ལྷ་རྡོ་རྗེའི་གཙུག་ཕུད་ཅན། ། གཉན་བཙན་གདེངས་ཅན་དམུ་སྲིན་འཁོར་ཚོགས་བཅས། ། ཞེས་གསུངས་པ་ལྟར་རོ།། དེ་དང་འབྲེལ་བའི་གནས་རི་ཀེ་ཐོ་ནི་རྨ་ཀླུང་སྔོན་མོ་གཡས་འཁྱིལ་དུ་འབབ་པའི་ཁུགས་སོ་སྟེ་དཀར་མོ་གཡང་འཁྱིལ་དང་བོ་རུ་གྲགས་པའི་ནུབ་ཕྱོགས་ཀྱི་ཉེ་འགྲམ་དང་། གངས་དཀར་རྨ་རྒྱལ་སྦོམ་རའི་ཤར་སྟོད་སྟག་གི་ཆ་ན་ཅུང་རྒྱང་ཆད་དུ་གནས་ཡོད། རི་ཚོགས་མང་བོའི་དཀྱིལ་ན་ས་དམར་དང་རྡེའུ་ཟགས་ལས་གྲུབ་པའི་བྲག་རི་དམར་བོ། རྩེ་མོར་སྤང་རྩྭ་དང་ཤུག་སྡོང་མང་དུ་འཁྲིགས་པས་གཡུ་ཡི་ཞུན་མ་བྲན་པ་ལྟ་བུར་ཤུན་ཏུ་མཛེས་པ་ཆིག་རྐྱང་གི་ཚུལ་དུ་ཡོད་པའི་གནས་རི་དེ་ལ་ཨ་མྱེས་ཀེ་ཐོ་ཟེར། སྟེང་ནས་ཐུར་དང་འོག་ནས་གྱེན་ལ་མིག་གིས་ལྟ་མི་བཟོད་པའི་གཡང་གཟར་ཆེ་བར་མ་ཟད་དབྱིབས་ཀྱི་ཆ་ནས་སེང་གེ་བཙོག་སྟེ་འགྱིང་བ་བཞིན་ཧ་ཅང་བརྗིད་ཉམས་ཆེ་བ་ཞིག་ཡིན། ཁྲ་གླག་རྒོད་གསུམ་སོགས་བྱ་བྱེའུ་འདབ་ཆགས་སྣ་ཚོགས་ཀྱི་རིགས་དང་། རྣ་བ་སོགས་རི་དྭགས་ཀྱི་རིགས་སྣ་ཚོགས་གཞིས་ཆགས་པའི་ཚུལ་དུ་འཁོར་ཡོད་པས་ཤིན་ཏུ་འཕྱོར་བོ་ཞིག་ཀྱང་ཡིན། ལྷག་པར་བྱིས་པའི་སྲི་ལ་ཤིན་ཏུ་གཉེན་པའི་གནས་རི་བྱིན་ཅན་ཞིག་ཡིན་ཏེ། རོང་ཆེན་སྐུ་ཕྲེང་གསུམ་པ་༧འགྲོ་མགོན་བསྟན་པ་རབ་རྒྱས་ཡུམ་གྱི་ལྷུམས་ལས་བཙས་ཏེ་ཆེར་མ་ལོང་བར་ཧྲཱི་ཡིག་གསུངས་ཤིང་གྲུབ་པའི་རྟགས་མང་དུ་བསྟན་པས་ཁོང་གི་ཡབ་ཀྱིས་ཐམས་ཅད་ཡིད་ཆེས་ཕྱིར་བྲག་སྐེད་དུ་སྒྲུབ་ཁང་ཡོད་པ་ལས་མར་འཕངས་པ་ན། ལུས་ཅུང་ཟད་ཀྱང་མ་སྣད་མ་སྨད་པར་འགབ་ཀྱི་ཕ་བོང་ཞིག་གི་ཁར་བབས་ནས་ཨ་ར་པ་ཙ་དང་མ་ཎི་གསུང་བཞིན་བཞུགས་པས་དེར་ཡོད་ཀྱི་སྐྱེ་བོ་ཐམས་ཅད་ལ་དད་པའི་འདབ་མ་ལྷུག་པོར་གྲོལ། དེའི་ཕྱིར་བྱིས་སྲི་ཅན་རྣམས་འདི་ལ་གནས་སྐོར་དང་གཏད་བཅོལ་བགྱིས་ན་ཤིན་ཏུ་ཕན་པར་གྲགས་སོ།། འདི་ནས་ཞར་བྱུང་ཙམ་དུ་༧འགྲོ་མགོན་བསྟན་པ་རབ་རྒྱས་མཆོག་གི་སྐོར་ཉུང་ཙམ་གླེང་ན། དྲུང་ཆེན་དགེ་འདུན་རྒྱལ་མཚན་དཔལ་བཟང་བོ་མཆོག་ནི་རྗེ་བློ་བཟང་གྲགས་པའི་དངོས་སློབ་ཅིག་ཡིན་ལ་མཚན་གཞན་ལ་རོང་ཆེན་ལྗགས་ནག་པ་ཞེས་ཟེར། དམ་པ་འདི་བ་ཚང་རོང་ཆེན་ལྗགས་ནག་པའི་སྐུ་ཕྲེང་གསུམ་པ་ཡིན་ཞིང་གནས་རི་ཀེ་ཐོའི་མདུན་དྲུང་དཔལ་ཐང་ཞེས་པ་ད་ལྟ་བུ་མོའི་སློབ་གྲྭ་ཆགས་པའི་ཁ་མལ་འདིར་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་བའམ་གྲུབ་ཆེན་ལཱ་ལི་ཏའི་སྤྲུལ་བར་གྲགས་པའི་ཡབ་ཡོན་ཏན་དབང་ཕྱུག་དང་ཡུམ་སྐྱིད་མོ་ཡག་གི་སྲས་སུ་༡༥༦༤ལོར་འཁྲུངས། གོང་དུ་ཟུར་ཙམ་སྨོས་པ་བཞིན་ཁོང་ཆུང་དུས་ནས་བཟུང་གྲུབ་པའི་རྟགས་མཚན་མངོན་དུ་གྱུར་པར་མ་ཟད་མཁས་གྲུབ་གཉིས་ལྡན་ཞིག་ཀྱང་ཡིན་ཏེ། གོང་ས་ལྔ་བ་ཆེན་པོ་དང་། པཎ་ཆེན་བློ་བཟང་ཆོས་རྒྱན། ས་སྐྱ་བདག་ཆེན་སོགས་དམ་པ་མང་བོ་རིས་མེད་དུ་བསྟེན་ནས་ཁྲིད་དང་ཟབ་ཆོས་མང་དུ་གསན། དགུང་ལོ་དྲུག་པ་ལ་ཐུབ་པ་ཆེན་པོ་ལྟ་སྤྱོད་ཀྱི་བླ་མས་བསྐོར་བ་ཞལ་གཟིགས་ཀྱི་སྐབས་ཐུབ་དབང་གི་ཞལ་ནས།
མདོ་རྒྱུད་ལྟ་བའི་གནད་ལ་སྐྱོངས། །
ཟབ་དོན་ཁོ་ན་ཉིད་ལ་རྟོགས། །
གནས་ལུགས་ཕྱག་རྒྱ་ཆེན་པོ་སྤྱོད། །
བདེ་ཆེན་རིག་པའི་རང་མདངས་སྐྱོངས། །
     ཞེས་གསུངས་པར་མ་ཟད། དམིགས་བརྩེ་མ་འབུམ་གྲངས་བཟླས་པས་ཇོ་འབྲོམ་རྗེ་གསུམ་དང་ལྷག་པར་རྗེའི་ཐུགས་ཀར་རྡོ་རྗེ་འཇིགས་བྱེད་ཞལ་ཕྱག་ཡོངས་སུ་རྫོགས་པ་ཡུམ་དང་བཅས་པ་གཟིགས་པའི་ཞལ་ནས།
སྐྱེ་མང་སྔོན་ནས་འབྲེལ་བའི་ལྷ། །
རྡོ་རྗེ་འཇིགས་བྱེད་ང་ཡིན་གྱི། །
རྟག་ཏུ་བསྙེན་སྒྲུབ་བརྩོན་པ་ན། །
རང་གཞན་དོན་གྲུབ་བར་ཆད་སེལ། །
ཞེས་གསུངས་ནས་ཐུགས་ཀར་ཐིམ། གོང་ས་ལྔ་བ་ཆེན་པོའི་བཀའ་བཞིན་རྫོང་རྒྱབ་ཀླུ་ཁང་དུ་ཆར་འབེབ་གནང་བས་སློབ་དཔོན་གཉིས་ལྟ་བུའི་ཨ་མདོ་གྲུབ་ཆེན་པ་ཞེས་སྙན་པའི་གྲགས་པ་དབུས་གཙང་གཉིས་ཀར་ཁྱབ་པ་སོགས་མཐའ་ཡས་སོ།།


{མཆན།}
(1) ཀེ་ཏི། ཁ་སྐད་ལ་ཀེ་ཐོ་ཞེས་པའི་མིང་།
(2) སྲིན་པོ། མཆིམས་འཇམ་པའི་དབྱངས་ཀྱི་མཛོད་འབྲེལ་ལས། མིའི་བྱེ་བྲག་ཅིག་ཡིན་པར་གསུངས། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་འདི་ནི་གཙོ་བོར་ལྷོ་ནུབ་ན་གནས་ཤིང་མིའི་ཤ་ཁྲག་སོགས་ཟ་བ་ལ་དགའ་བ་འཇིགས་སུ་རུང་བའི་གཟུགས་ཅན་ནོ།། ཞེས་གསུངས་ཡོད།

གོང་གི་ལོ་ཚིགས་ཀྱི་དོགས་དཔྱོད།

        ཀིརྟིའི་དགོན་ཁག་ལྔ་ཐུན་མོང་གིས་འགྲེམས་སྤེལ་བྱས་པའི་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱི་འཁྲུངས་ཡུལ་འཁྲུངས་གཞིས་ལ་དཔྱད་པ་མཐོང་ཐོས་གཏམ་གྱི་དགའ་ཚལ་ཞེས་པར། ཀིརྟི་སྐུ་ཕྲེང་གསུམ་པ་འགྲོ་མགོན་བསྟན་པ་རབ་རྒྱས་ཀྱི་རྣམ་ཐར་དཔག་བསམ་ལྗོན་པ་དྲངས་ཏེ་༼༡༥༦༤ལོར་སྐུ་བསྟམས་ཞེས་འཁོད་ཡོད།༽ དེ་བཞིན་ལན་གཅིག་ཏུ་མ་ཟད་གཤམ་དུའང་༼༡༦༧༡ལོར་དབོན་པོ་ཁོང་ཞལ་མ་འཚོ་བས།༽ཞེས་འཁོད་ཡོད། དེས་ན་འདི་བ་དགུང་ལོ་ཉེར་བདུན་ཡས་མས་ལ་དབུས་སུ་ཕེབས་ནས་༧རྒྱལ་དབང་ལྔ་བ་ཆེན་མོའི་དྲུང་དུ་ཡུན་རིང་བཞུགས་ཤིང་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཚུལ་འཁོད་པ་དེ་ལ་ཁོ་བོར་དོགས་པ་འདི་ལྟར་མཆིས་ཏེ། གོང་གི་ལོ་ཚིགས་ལྟར་ན་འདི་བ་དགུང་ལོ་༢༧ཡས་མས་སུ་དབུས་ལ་ཕེབས་དུས་༡༥༩༡ཡས་མས་ཤིག་ཡིན་དགོས་ལ་དེ་དུས་གོང་ས་ལྔ་བ་ཆེན་མོ་ད་དུང་འཁྲུངས་མེད་དེ་ཁོང་རིག་༡༦༡༧/ ༩/ ༢༣ལ་འཁྲུངས་པར་བཤད་པས་སོ།། སྤྱིར་ན་གོང་ས་མཆོག་དགུང་གྲངས་རེ་དྲུག་དང་འདི་བ་དགུང་གྲངས་བརྒྱད་ཅུ་ལ་འཚོ་བཞེས་གནང་བས་གོང་གི་ལོ་ཚིགས་ལྟར་ནའང་ཞལ་མ་ཟིན་པའི་ཉེས་པ་མི་འབབ་ཀྱང་། གོང་ས་མཆོག་གི་འཁྲུངས་ལོ་༡༦༡༧དེ་འདི་བས་དགུང་གྲངས་ང་གཉིས་བཞེས་པ་དང་སྟབས་འཁེལ་བས། འདི་བ་དབུས་སུ་ཕེབས་ཏེ་གོང་ས་མཆོག་དང་མཇལ་ཏེ་ཡུན་རིང་མཉམ་དུ་བཞུགས་ཚུལ་གསུངས་པ་དེ་དགུང་གྲངས་ལྔ་བཅུ་ཁ་ཡར་ཟིན་འདུག་པ་རིགས་པས་རྩོལ་མེད་དུ་འགྲུབ་པོ། དེས་ན་༼མཐོང་ཐོས་གཏམ་གྱི་དགའ་ཚལ་༽ལས། དགུང་ལོ་ཉེར་དྲུག་བཞེས་པར་གྲུབ་མཐའ་ངན་པ་རྣམས་ཚར་གཅོད་པའི་ཕྱིར་སྨད་ཕྱོགས་སུ་བྱོན་པས། ཞེས་པ་ནས། དེ་ནས་དབུས་སུ་བྱོན་ཏེ་༧རྒྱལ་མཆོག་ལྔ་བ་ཆེན་པོ་དང་ཐུགས་ཡིད་གཅིག་འདྲེས་སུ་གྱུར། གཙང་དུ་པཎ་ཆེན་བློ་བཟང་ཆོས་རྒྱན་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ཞེས་རྣམ་ཐར་གྱི་གོང་འོག་སྒྲིག་ཚུལ་འདི་ནི་གུས་པ་ཁོ་བོའི་རྨོངས་བློར་འགལ་བ་འབའ་ཞིག་ཏུ་ཤར་བས་འདི་ཡིན་དེ་མིན་གྱི་ཁ་ཚོན་མེད་པར་ལྷགས་ཡོད་པས་བློ་ལྡན་གང་ཞིག་གི་རིགས་པའི་གསེད་བཀྲོལ་ལ་རེ་བའི་མིག་ཟུང་ཅེར་ཡོད། གཞན་དུ་ན་འདི་བའི་འཁྲུངས་ལོ་༡༥༦༤ཞེས་འཁོད་པ་དེ། ཡི་གེ་བཏགས་ནོར་གྱིས་༡༦༥༤ལ་ནོར་བའམ། དེ་ལྟར་ན་འདི་བ་དབུས་ལ་ཕེབས་དུས་གོང་ས་མཆོག་དགུང་གྲངས་བརྒྱད་ཅུ་ཟིན་ཙམ་དང་གྱ་གཉིས་སྟེང་སྐུ་ཞིང་ལ་གཤེགས་པ་ཡིན་ནོ།།


༢༠༡༧  ༧  ༢༡  ཉིན།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-09-22 ལྟ་ཀློག (6166)