རྭ་རྒྱའི་ས་ཁུལ་གྱི་ཕྱུགས་ཐོན་རྒྱུན་འཛིན་ཡར་རྒྱས་སུ་འགྲོ་བཞིན་ཡོད།

རྭ་རྒྱའི་ས་ཁུལ་གྱི་ཕྱུགས་ལས་ཐོན་རྫས་རྒྱུན་འཛིན་ཡར་རྒྱས་སུ་འགྲོ་བཞིན་ཡོད།

རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་གསུང་བཤད་གནང་བཞིན་པ།

      2017ལོའི་ཟླ་9བའི་ཚེས་11ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་གི་རྭ་རྒྱའི་ས་ཁུལ་གྱི་འབྲོག་མོ་ལྔ་བཅུ་ལྷག་གིས་གྲུབ་པའི་བཀྲ་ཤིས་བུད་མེད་ཚོགས་པ་ཞེས་པ་ཞིག་གིས་བོད་ཀྱི་ནང་བསྟན་མཆོད་ཆས་ཀྱི་སྐོར་ནས་མཆོད་མེའི་སྡོང་རིལ་སོགས་ལོ་མང་རིང་གཙང་དག་བཟོས་པས་ས་དེར་མར་མེའི་སྡོང་རིལ་ཚོགས་པ་ཞེས་ཀྱང་འབོད་མཁན་ཡོད་ལ་བར་སྐབས་ཤིག་ནས་ཁོ་ཚོ་དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་གི་མདུན་དུ་བཅར་ཏེ་བུད་མེད་ཚོགས་པས་བསྒྲུབ་ཐུབ་པ་ཞིག་ལ་བཀའ་སློབ་ལམ་སྟོན་གནང་རོགས་ཞེས་ཡང་ཡང་ནན་གྱིས་ཞུས་ངོར་ཁོང་གིས་རྨ་ཆེན་རྫོང་ཁྱུང་ཆེན་ཀོ་པགས་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེ་དང་མཉམ་འབྲེལ་བྱས་ཏེ་བོད་ཀྱི་འབྲོག་པའི་ཕྱུགས་ཐོན་གྱི་སྐོར་ནས་ནུས་ཤུགས་བཏོན་ན་ཟླ་ཕོགས་ཀྱང་གང་འཚམས་རེ་རག་ལ་བོད་ཀྱི་ཐོན་རྫས་ཀྱང་མ་ཉམས་རྒྱུན་འཛིན་དང་གོང་སྤེལ་ཡིན་པ་སོགས་ཀྱི་བཀའ་སློབ་དང་བླངས་བྱས་འོག ཟླ་ཁ་ཤས་རིང་དམངས་སྒོར་ཁྲི་༤༠ལྷག་གི་མ་རྩ་བཏང་སྟེ་འབྲོག་པའི་བལ་དང་ཁུ་ལུ་སོགས་བསྡུ་རུབ་བྱས་ནས་བོད་ཀྱི་ཕྱུགས་ཐོན་བྱ་བར་གྲུབ་འབྲས་ཆེན་པོ་ཐོབ་བཞིན་ཡོད།

       རྒྱུས་ལོན་བྱུང་བ་ལྟར་ན་མཉམ་སྒྲུབ་ཚོང་སྡེ་འདིས་སྔོན་མ་རྩ་སྒོར་ཁྲི་༣༠༠ལྷག་བཏང་སྟེ་རྭ་རྒྱའི་ས་ཁུལ་དུ་ཚོང་ར་ཆེན་པོ་ཞིག་འཛུགས་སྐྲུན་བྱས་པར་གོང་རིམ་ནས་གདེང་འཇོག་ཆེན་པོ་ཐོབ་པ་མ་ཟད་མ་རྐང་འཇོག་མཁན་ཚང་མ་དགའ་འོས་པ་ཞིག་ཏུ་གྱུར་ཡོད།

      ད་སྐབས་མཉམ་སྒྲུབ་ཚོང་སྡེའི་ཚོང་ར་ཆེན་པོ་འདིའི་ས་ཡིག་དང་ཁང་བའི་གོང་ཚད་སྒོར་ཁྲི་སྟོང་ཕྲག་ལྷག་ལ་ཚད་ལེན་མཐུན་གཉེར་ཁང་ནས་ངོས་འཛིན་བྱས་ཡོད་ཟེར། དེ་ནི་མཉམ་སྒྲུབ་ཚོང་སྡེ་བཙུགས་པའི་དགེ་མཚན་དང་མ་རྐང་འཇོག་མཁན་ཡོངས་ལ་དཀའ་ངལ་སེལ་བའི་ལས་དོན་རླབས་ཆེན་ཞིག་མཉམ་དུ་བསྒྲུབས་པའི་གྲུབ་འབྲས་ཤིག་ཡིན།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2017-09-14 ལྟ་ཀློག (4185)