ཤེས་རིག་ནོར་བུའི་སློབ་གླིང་གི་གསལ་བརྡ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཞལ་འདེབས་གནས་ཚུལ་གྱི་གསལ་བཤད།


      བོད་མི་རིགས་ལ་བློ་སེམས་དཀར་ཞིང་སློབ་གསོའི་ལས་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་ནམ་ཡང་རྒྱབ་སྐྱོར་དང་རྡོག་རྩ་གཅིག་སྒྲིལ་ལ་དགའ་བའི་བློས་ཐུབ་ཀྱི་གྲོགས་པོ་རྣམ་པ་ལགས། 

      མི་རིགས་ཀྱི་སློབ་གསོ་ནི་མི་རིགས་དར་རྒུད་ཀྱི་སྲོག་རྩ་ཡིན་ལ།  མི་རིགས་སློབ་གསོའི་དར་རྒུད་དང་ལེགས་ཉེས་དེ་ཡང་མི་རིགས་ཡོངས་ཀྱི་འོས་འགན་ཡིན་པ་ལས་ས་ཁུལ་ཁ་ཤས་དང་མི་སྣ་རེ་གཉིས་ཁོ་ན་ཙམ་ལ་འོས་འགན་ཡོད་པ་ཞིག་གཏན་ནས་མིན།  དེའི་ཕྱིར་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྨད་ཀྱི་སློབ་མའི་ཇ་ཁང་ལ་གནོད་པ་ཚབས་ཆེན་ཐེབས་ནས་ད་ལྟ་སློབ་མ་མང་བོ་ཞིག་ལ་ཟ་ཁང་མེད་པའི་དཀའ་ངལ་ལ་འཕྲད་ཡོད་པས།  ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་དེང་རབས་ཀྱི་དྲ་ལམ་ཁག་བརྒྱུད་ནས་མི་རིགས་སློབ་གསོའི་ལས་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་ཤ་ཚ་བའི་ལྷག་བསམ་ཅན་དག་ལ་ཞལ་འདེབས་སློང་བ་ཡིན།

     ཐེངས་འདིའི་ཞལ་འདེབས་སློང་སྟངས་ཀྱང་ཞལ་འདེབས་ག་ཚོད་དགོས་པའི་སྔོན་རྩིས་དང་དེ་ཇི་ལྟར་དོན་ཐོག་ཏུ་འཁྱོལ་བར་བྱེད་པའི་འཆར་གཞི་རྣམས་ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ཚོགས་པས་(中国扶贫基金会)བརྟག་དཔྱད་ཞིབ་མོ་བྱས་པ་བརྒྱུད་དེ་ཐོན་ཞིན་སྤྱི་ཕན་ཚང་(腾讯公益)ལ་སྤྲད་ནས་རྒྱལ་ཡོངས་ཀྱི་རེ་ཞུའི་རྣམ་གྲངས་ཁྲི་ཕྲག་མང་བོ་ལས་འོས་འདེམས་བྱས་ནས་ང་ཚོའི་སློབ་གྲྭར་ཐོབ་པ་ཞིག་ཡིན།

      དེ་བས་ཕྱོགས་སོ་སོའི་བོད་མི་རིགས་ཀྱི་སློབ་གསོའི་ལས་དོན་ལ་སྙིང་ནས་དགའ་བའི་ལྷག་བསམ་ཅན་དག་གིས་ང་ཚོའི་དཀའ་ཁག་འདི་ལ་ཆེ་འཛོམས་ཆུང་འཛོམས་ཀྱིས་གཤམ་གྱི་ཐོན་ཞིན་དྲ་ལམ་གྱི་གཤེར་རིས་འདི་བརྒྱུད་ནས་ད་ལོའི་ཟླ་9ཚེས་1ནས་ཟླ་11ཚེས་8བར་ལ་ཞལ་འདེབས་རེ་འབུལ་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་།  ལྷག་དོན་དུ་སྤྱི་ཟླ9པའི་ཚེས་7/8/9གསུམ་གྱི་སྔ་དྲོའི་ཆུ་ཚོད་དགུ་ཏག་ཏག་ནས་སྐར་ཆ་སུམ་ཅུའི་ནང་འཁེལ་བར་བྱས་ནས་ཞལ་འདེབས་ཕུལ་ཐུབ་པ་ཡིན་ན་ཞལ་འདེབས་སྒོར་གཅིག་ཕུལ་ཡང་སྐབས་དེར་དམིགས་བསལ་གྱིས་སྒོར་གསུམ་དུ་གྱུར་ཏེ་ང་ཚོའི་ལག་ཏུ་འབྱོར་ཐུབ་པས་ངེད་སློབ་གྲྭར་ཞལ་འདེབས་འབུལ་མཁན་རྣམས་ཀྱིས་དེ་ལུགས་ཐུགས་འཇགས་ཡོད་པར་མཁྱེན་མཁྱེན་ཞུ་ལགས།


བཤེར་རིས་འདི་ཐེངས་འདིའི་ངེད་སློབ་གྲྭའི་ཐོན་ཞིན་སྤྱི་ཕན་ཚང་(腾讯公益)གི་ཞལ་འདེབས་བྱེད་གནས་ཡིན།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་སྤྱི་ཟླ་དགུ་བའི་ཚེས་ལྔ་ཉིན་གསལ་བསྒྲགས་བྱས་པ་ཡིན།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2017-09-05 ལྟ་ཀློག (15224)