གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭས་{སུ་རིག་ཆེན་}སྡེ་བའི་གནོད་ཐེབས་ཁྱིམ་ཚང་ལ་རོགས་དངུལ་བསྡུ་བའི་ལས་སྒོ་སྤེལ།

༄༅།།གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭས་{སུ་རིག་ཆེན་}སྡེ་བའི་གནོད་ཐེབས་ཁྱིམ་ཚང་ལ་རོགས་དངུལ་བསྡུ་བའི་ལས་སྒོ་སྤེལ།

       ཀུན་གྱིས་ཤེས་གསལ་ལྟར་ཉེ་ལམ་བྱུང་བའི་རྨ་ཆེན་རྫོང་ཁོངས་ཀྱི་རི་ཉིལ་གནོད་ཐེབས་དུད་ཁྱིམ་གྱི་འདས་པོ་དང་ཤུལ་ལྷག་དྭ་ཕྲུག་བཅས་ལ་གདུང་སེམས་མཉམ་སྐྱེད་དུ་ཕྱོགས་ན་གནས་པའི་སྡེ་བ་སོ་སོ་དང་། ཚོགས་པ་སོ་སོ། དགོན་སྡེ་ཁག་དང་སློབ་གྲྭ་ཁག དེ་མིན་སྲིད་གཞུང་རིམ་པ་དང་། མི་སྒེར་འདྲ་མིན་བཅས་ཀྱིས་རོགས་རམ་བགྱིས་དང་བགྱིད་བཞིན་པ་ལྟར་དུ་དེ་རིང་ངེད་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭས་ཀྱང་རོགས་དངུལ་གང་འཛོམས་བསྡུས། དེ་ཡང་སློབ་གཙོ་བཀྲ་ཤིས་ཚེ་རིང་གིས་གཙོས་ལས་འཛིན་པ་དག་གིས་སྣེ་ཁྲིད་དེ་དགེ་བཟོ་བ་དང་འཛིན་གྲྭ་སོ་སོའི་སློབ་བུ་ཡོངས་རོགས་དངུལ་བསྡུ་བའི་ཡུལ་དངོས་སུ་བཅར་བར་མ་ཟད། ལྷག་བསམ་ཟོལ་མེད་ཅིག་དང་བྱམས་བརྩེ་རྨ་མེད་ཅིག་གིས་རང་ནུས་གང་འབྱོར་གྱིས་རོགས་དངུལ་ཕུལ་ཞིང་། ལྷག་དཀར་ཀུན་སྤྱོད་འཛིན་གྲྭའམ་དྲུག་གཉིས་འཛིན་གྲྭས་དམངས་སྒོར1155ཕུལ་བར་མ་ཟད། དགེ་སློབ་ལས་བཟོ་བ་དང་བཅས་པ་ཐམས་ཅད་ཀྱིས་ཁྱོན་སྡོམ་དམངས་སྒོར7598རོགས་དངུལ་དུ་ཕུལ། ཕྱི་དྲོའི་དགོང་སྦྱོང་སྐབས་སུ་འཛིན་གྲྭ་སོ་སོས་ལྟུང་གཤགས། བཟང་སྤྱོད། མ་ཎི་སོགས་ཀྱང་མང་བོ་བཏོན་ཏེ་ཚེ་འདས་དག་ལ་བསྔོ་སྨོན་དང་རྗེས་དྲན་བྱས།

སློབ་གཙོ་བཀྲ་ཤིས་ཚེ་རིང་གིས་རོགས་དངུལ་ཞལ་འདེབས་གནང་བ།

དགེ་རྒན་ཚོས་རོགས་དངུལ་སྦྱིན་པའི་རྣམ་པ།

དགེ་རྒན་ཚོས་རོགས་དངུལ་སྦྱིན་པའི་ཡུལ་དངོས།

སློབ་མ་རྣམས་ཀྱིས་རོགས་དངུལ་སྦྱིན་པའི་རྣམ་པ།

འཛིན་གྲྭ་སོ་སོས་རོགས་དངུལ་སྦྱིན་པའི་རྣམ་པ།

ལྷག་དཀར་ཀུན་སྤྱོད་འཛིན་གྲྭས་རོགས་དངུལ་སྦྱིན་པ།

སློབ་གཙོ་སོགས་ཀྱིས་སུ་རིག་ཆེན་སྡེ་བའི་ཏང་གཙོ་དངོས་གྲུབ་ལ་རོགས་དངུལ་སྤྲོད་པའི་རྣམ་པ།

གསར་འགོད་པ།   པད་དཀར་འབངས་ཀྱིས་༢༠༡༧ ༩ ༣ ཉིན།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-09-04 ལྟ་ཀློག (7377)