བོད་སྐད་ཡིག་རིག་གནས་ཀྱི་ཆེད་དུ་ཤོར་བའི་ཚེ་སྲོག་ཅིག


གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་མཐར་ཕྱིན་ཞིང་བོད་སྐད་ཡིག་རིག་གནས་ཀྱི་ཆེད་དུ་གཅེས་པའི་ཚེ་སྲོག་ཤོར་བའི་སློབ་གྲོགས་ལྡོང་འཇམ་དཔལ་བསམ་གཏན་ལགས་ལ་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་མྱ་ངན་དང་རྗེས་དྲན་ཞུ།


མཚན།  ལྡོང་འཇམ་དཔལ་བསམ་གཏན།
༡༩༨༡ལོར་མགོ་ལོག་གཅིག་སྒྲིལ་དུ་སྐྱེས།
རྟེན། གྲྭ་པ།
བླ་བྲང་བཀྲ་ཤིས་འཁྱིལ་སོགས་སུ་ཚད་མ་རིག་པ་སོགས་སྦྱང་།
༢༠༠༤ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་མཐར་ཕྱིན།

ཕ་ཡུལ་དུ་ཁོར་ཡུག་སྲུང་སྐྱོབ་དང་སློབ་གསོའི་བྱ་བ་གང་མང་བསྒྲུབས།


༢༠༡༦ལོར་ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་སྡེ་ཁག་གི་དངོས་གཞི་རིམ་པར་སློབ་མཐར་ཕྱིན།

སྔ་གཞུག་ཏུ་སློབ་གསོར་དཀའ་ཁག་ཡོད་སའི་ས་གནས་དུ་མར་ཟླ་ཕོགས་མེད་པར་ཟབ་སྦྱོང་འཛིན་གྲྭ་ཐེངས་མང་བསྒྲུབས།

     ༢༠༡༥ལོ་ནས་ཁམས་སྡེ་དགེ་རྫོང་ཨ་ཕྱུག་གྲོང་རྡལ་དུ་གསར་དུ་བཙུགས་པའི་གངས་ལྗོངས་ཤེས་རིག་མ་ཡུམ་སློབ་གླིང་དུ་དགེ་རྒན་གྱི་བྱ་བ་གཉེར་ཞིང་སློབ་སྟོན་ཁང་གི་གཙོ་འགན་ཁུར། གསར་དུ་ཚུགས་པའི་སློབ་གྲྭ་དེའི་སློབ་གསོའི་རྨང་བརྟན་པོ་ཡོང་ཆེད་སློབ་ཁྲིད་ཀྱི་ཞོར་ནས་སློབ་གྲྭའི་རྩ་འཛུགས་ལེགས་བཅོས་དང་སློབ་དེབ་བསྒྲིགས་པ་སོགས་ཀྱི་བྱ་བ་གང་མང་ཁུར་དུ་བཞེས། བོད་སྐད་ཡིག་གི་གནས་བབ་མི་བཟང་བའི་ས་གནས་དེ་སློབ་བུ་ཚོར་བོད་ཡིག་གཙོས་སློབ་དེབ་བཟང་བོ་ཆ་ཚང་བ་ཞིག་བསྒྲིག་ཕྱིར་ཁམས་ཕྱོགས། མགོ་ལོག རྭ་རྒྱ། ཟི་ལིང་སོགས་སུ་ངལ་གསོའི་དུས་ཚོད་མེད་པར་ཁོམ་སྐབས་ནམ་བྱུང་ལྟར་ཐེངས་མང་ཕེབས་ཤིང་།

       ༢༠༡༧ལོའི་ཟླ་བརྒྱད་པའི་ཚེས་༡༤ཉིན་སློབ་གྲྭའི་ཆེད་མངགས་རླངས་འཁོར་ལ་བསྡད་དེ་མགོ་ལོག་ཕྱོགས་སུ་སློབ་བུ་ཚོའི་སློབ་དེབ་ལེན་དུ་ཕེབས་པའི་ལམ་བར་དུ་སྟབས་མ་ལེགས་པར་རླངས་འཁོར་གྱི་དོན་རྐྱེན་ལས་ཁོང་གི་ཚེ་སྲོག་ཤོར་སོང་།

     སྤྱིར་ཁམས་ཕྱོགས་ཀྱི་སློབ་གྲྭ་དེར་ཕེབས་རྒྱུར་ཡུལ་མི་དག་དེ་འདྲའི་འཐད་པ་མེད་ཀྱང་ཁོས་ས་གནས་དེ་ནི་བོད་སྐད་ཡིག་གི་འཁོས་ཞན་ས་ཞིག་ཡིན་པས་དེར་བསྡད་ན་བོད་ཕྲུག་མང་བོ་ཞིག་ལ་ཕན་ཐོགས་ངེས་པས་མ་མཐའ་ཡང་འཛིན་གྲྭ་རིམ་པ་ཁག་ཅིག་མཐར་ཕྱིན་ནས་སློབ་གྲྭའི་སྒྲིག་གཞི་བརྟན་པོར་སོང་ན་མ་གཏོགས་ང་ཕྱིར་ཕ་ཡུལ་ལ་མི་ཡོང་ཞེས་བཤད།

ཁོང་གིས་དགེ་རྒན་གྱི་ཕྱག་ལས་གནང་སའི་ཁམས་སྡེ་དགེ་རྫོང་ཨ་ཕྱུག་གྲོང་རྡལ་གངས་ལྗོངས་ཤེས་རིག་མ་ཡུམ་སློབ་གླིང་།

མི་རིགས་སློབ་གསོར་སྐུ་སྲོག་ཤོར་བ་གང་ཉིད་ཀྱི་སློབ་གྲོགས་ཕྲན་རུ་མང་འཕྲིན་ལས་རྒྱ་མཚོས་༢༠༡༧.༨.༡༦ཉིན་གནས་ཚུལ་རྒྱུས་ལོན་བྱས་ཏེ་སྤེལ།

རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2017-08-16 ལྟ་ཀློག (12585)