ཧོལ་ཁ་ཧྲོང་བོ་སྡེ་བར་པཎ་ཆེན་རྗེས་དྲན་འཚོགས།

ཧོལ་ཁ་ཧྲོང་བོ་སྡེ་བར་པཎ་ཆེན་རྗེས་དྲན་འཚོགས།

      ༄༅། །ཕྱི་ཟླ8ཚེས13ཉིན་ཧྲོང་བོ་སྣོད་བཅུད་སྲུང་སྐྱོབ་ཚོགས་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཞི་བར་གཤེགས་ནས་ལོ་འཁོར་ཉེར་བརྒྱད་ལོན་པའི་རྗེས་དྲན་སྐབས་གཉིས་པ་དང་འབྲེལ་བའི་རིག་རྩལ་འཁྲབ་སྟོན་ཧོལ་ཁ་ཧྲོང་བོ་སྡེ་བར་འཚོགས་ཤིང་། སྡེ་བའི་ལོ་ལོན་རྣམས་ཀྱིས་སྔོན་པཎ་ཆེན་རིན་པོ་ཆེར་མཇལ་བའི་སྐལ་བཟང་ཐོབ་པ་དང་འབྲེལ་བའི་ཁ་བརྡ་དང་། རང་གི་མི་ཚེའི་ཉམས་མྱོང་དང་འབྲེལ་ནས་སྡེ་བར་མཐུན་སྒྲིལ་དགོས་སྐོར་གྱི་ཁ་བརྡ་ལྷུག་པོར་གནང་ཞེིང་། དེ་འབྲེལ་པཎ་ཆེན་རིན་པོ་ཆེའི་རྣམ་ཐར་མཛད་རྗེས་དང་འབྲེལ་བའི་སྙན་ངག་གྱེར་འདོན་དང་། གླུ་དང་རྡུང་ལེན་སྣ་ཚོགས་ཀྱིས་མང་ཚོགས་མང་བོའི་སྙིང་གི་གུར་ཁང་ཡངས་པོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་མཛད་པ་དང་བཀའ་དྲིན་རྒྱ་མཚོའི་ཆུ་ཐིགས་ཙམ་གསལ་བར་བྱས། 

     2016ལོར་སྡེ་བ་འདིར་ཐོག་མར་པཎ་ཆེན་རིན་པོ་ཆེའི་རྗེས་དྲན་འཚོགས་ཤིང་། འདི་ནི་ཁོང་གི་ཤེས་རབ་དང་། བྱམས་བརྩེ། དཔའ་སྤོབས་གཅིག་ཏུ་བསྡུས་པའི་རྣམ་ཐར་ལ་སློབ་སྦྱོང་བྱེད་ཆེད་ཡིན།    དེ་དང་འབྲེལ་བར་ཧྲོང་བོ་སྡེེ་བའི་ད་ལོའི་མཐོ་རྒྱུགས་ལ་ཞུགས་པའི་སློབ་མ་བཅུ་གསུམ་ཡོད་པ་ལ། གཟེངས་བསྟོད་དང་ཡི་རང་། གཞེན་སྐུལ་གྱི་བྱ་དགའ་བྱིན་ཅིང་། སློབ་མ་རྣམས་ནི་མ་འོངས་པའི་སྡེ་བ་དང་མི་རིགས་ཀྱི་རེ་བ་ཉག་གཅིག་ཡིན་པས་ཐམས་ཅད་ལ་ཐམས་ཅད་ཀྱིས་རེ་ལྟོས་འཆའ་བཞིན་པ་གཏམ་དང་། བྱ་སྤྱོད་ལས་གསལ་བོར་མངོན་ནོ། །

    སྡེ་བའི་དཔེ་མཛོད་ཁང་དུ་ད་ལོར་དཔེ་ཆ་མང་བོ་འབྱོར་ཞིང་།སྐུ་བརྙན་བྱིན་ཅན་འགའ་འཛོམས་པ་དང་། ཡིག་མཁན་གྲགས་ཅན་གྱི་ཡིག་རུས་སྒྱུ་རྩལ་འགའ་ཡང་ལྡན་པར་གྱུར་པས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་སོང་བས། ད་ནས་བཟུང་སྡེ་བའི་སློབ་མ་རྣམས་འདི་ལ་འཛོམས་ནས་དཔེ་ཀློག་དང་བགྲོ་གླེང་བྱེད་པ་དང་། དཔེ་ཆ་གཡར་བ་སོགས་བྱས་ཆོག་གོ །   ཐེངས་འདིར་སྡེ་བའི་དགེ་འདུན་པ་འགའ་ཤས་ཕེབས་ནས་རབ་གནས་ཀྱང་མཛད་དོ། །

སྨྲ་ལྕེ་དག་གསལ་སྙན་གསུམ་འཛོམས་པའི་མདོ་འཛིན་པ་རྣམས།

རིག་རྩལ་པའི་ཟུར་ཞིག

གླུ་གར་གྱི་མཆོད་པ་འབུལ་བཞིན་པ།

ཧྲོང་བོ་སྡེ་བའི་ད་ལོའི་མཐོ་རྒྱུགས་ལ་ཞུགས་པའི་སློབ་མ་དང་ཁྱིམ་བདག

མང་ཚོགས་ཀྱི་འདུ་འཛོམས།

གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ།  ཆོས་སྐྱོང་རྒྱལ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-08-16 ལྟ་ཀློག (4725)