ཕུགས་ནོར་བཅུའི་བསླབ་བྱ་བཞུགས་སོ།།


༄༅།།    ཕུགས་ནོར་བཅུའི་བསླབ་བྱ་བཞུགས་སོ།།


                                                                   རྩོམ་པ་པོ། ཚུལ་ཁྲིམས་རྣམ་རྒྱལ།

བྱང་ཆུབ་ལམ་བཟང་སྒྲུབ་པའི་སྣོད་མཆོག་ཏུ།།
རྒྱལ་བས་བསྔགས་པའི་དལ་འབྱོར་ཚང་བའི་རྟེན།།
ཉིན་མཚན་ཆོས་ཀྱི་དོན་ལྡན་བྱ་འདོད་གང་།།
ཕུགས་ནོར་འདི་རྣམས་སྙིང་གི་དཀྱིལ་དུ་ཆོངས།།

ངེས་པར་འཆི་ལ་ནམ་འཆི་ངེས་མེད་ཅིང་།།
འཆི་ཚེ་དམ་པའི་ཆོས་ལས་འདི་སྣང་གི།
ཕུན་ཚོགས་གང་ཡིན་ཕན་འདོགས་གཏན་མེད་སྙམ།།
དེ་ལྟའི་བློ་ཕུགས་ཆོས་ལ་གཏོད་པར་མཛོད།།

ཆོས་ཀྱི་མཐུན་རྐྱེན་ཟས་གོས་ཕོངས་དོགས་ན།།
སྒྲུབ་འདུན་ཆོས་ཀྱང་ལམ་འགྲོར་ཆེས་དཀའ་བས།།
ནམ་དགོས་བསོད་སྙོམས་སློང་བས་འཚོའོ་སྙམ།།
ཆོས་ཕུགས་སྤྲང་ལ་གཏོད་པའི་ཞེ་དམ་ཡོད།།

གཞན་སྤྲང་ཁོ་ནས་མི་ཚེ་ཕྱིད་དཀའ་བས།།
ཀ་ཅའི་གསོག་རུམ་ཅུང་ཞིག་དགོས་སྙམ་ན།།
ཆོས་ཕྱིར་འཁྱགས་སམ་ལྟོག་གྲིར་འཆིར་བཟོད་པའི།།
སྤྲང་ཕུགས་ཤི་ལ་གཏོད་པའི་ཞེ་དམ་ཡོད།།

རང་དབང་གནས་མལ་ཡོ་བྱད་གཏན་མེད་ཚེ།།
ན་རྒས་འཆི་དུས་འཁོར་མཁན་དཀོན་སྙམ་ན།།
ནོར་སྲུངས་རྒན་པོ་འཆི་བ་ཇི་བཞིན་དུ།།
ཤི་ཕུགས་གྲོགས་པོ་སྐམ་པོར་གཏོད་པར་མཛོད།།

རང་གཞུ་བཀང་ནས་རང་མདའ་བརྡེག་དགོས་ལྟར།།
རང་ནོར་བསགས་པའི་དགེ་ཆོས་སྒྲུབ་དགོས་ཞེས།།
གཞན་ཟེར་ཚིག་ལ་མི་རྟོན་ཟས་གོས་ཀྱི།།
ཐེབས་མེད་རྡོ་རྗེ་སྔོན་དུ་གཏོང་བར་མཛོད།།

ཆོས་ཕྱིར་ཚེ་འདིའི་ཆེ་ཐབས་བློས་བཏང་ནས།།
ཟས་མེད་གོས་མེད་སྤྲང་འཁྱམས་བྱེད་པའི་ཚེ།།
གཞན་གྱིས་འཕྱ་སྨད་འབྲུག་གི་སྒྲ་བསྒྲགས་ཀྱང་།།
ཁྲེལ་མེད་རྡོ་རྗེ་རྗེས་ལ་བཞག་པར་མཛོད།།

མཐོ་མཐོ་རླུང་བསྐུར་དམའ་དམའ་ཆུས་བསྐྱུར་ནས།།
འོག་ནས་འགྲོ་བ་ཆུ་ལས་གཞན་མེད་པའི།།
དམའ་ས་གཟུང་ནས་ཆོས་ལ་ངེས་སེམས་ཀྱི།།
ཡེ་ཤེས་རྡོ་རྗེ་རང་དང་འགྲོགས་པར་མཛོད།།

རང་ཉིད་མིས་མཐོང་ཆ་འཇོག་མི་བྱེད་ཕྱིར།།
ཚེ་འདིའི་དོན་གཉེར་མཐོ་དམན་སུ་དང་ཡང་།།
སྒོ་གསུམ་མི་བསྟུན་སྨྱོན་པའི་སྤྱོད་པ་ལྟར།།
འདི་བའི་མི་ཡི་གྲལ་ནས་ཅི་ཕུད་མཛོད།།

གཞན་གྱི་བྱས་པ་ཆུང་ངུའང་དྲིན་བཟོ་ཕྱིར།།
བརྡེག་འཚོག་བྱེད་ཀྱང་ལུས་སྲོག་གཏོང་བཟོད་ཅིང་།།
འཕྲལ་འགྲངས་ཙམ་ལས་ཕུགས་ཀྱི་གསོག་འཇོག་གི།
རང་དོན་མདོ་མེད་ཁྱི་ཡི་གྲལ་སྙེགས་མཛོད།།

སྔོན་བྱོན་སྟོན་པ་མཆོག་ནས་བླ་མའི་བར།།
དམ་པ་ཡོངས་ཀྱི་ཐུགས་བཞེད་མཛད་སྤྱོད་ལྟར།།
ཆོས་ཕྱིར་སྲོག་གཏོང་དཀའ་སྤྱད་སྙིང་སྟོབས་ཀྱིས།།
ལྷ་མིའི་བཀུར་འོས་ལྷ་གྲལ་ཐོབ་པར་མཛོད།།

དེ་ལྟར་གསེར་སོགས་ཕུགས་ཀྱི་ནོར་བདོག་པའི།།
མི་འགའ་འཕྲལ་དུ་འཚོ་བ་ཆད་གྱུར་ཀྱང་།།
ཅི་ཡང་མི་སྙམ་བློ་བདེར་ལས་བྱེད་པ།།
དེ་བཞིན་ཕུགས་ནོར་མཆོད་དོན་མཁྱེན་པར་མཛོད།།

དེ་ལྟར་ཕུགས་ནོར་འདི་བཅུ་བློར་བཞག་ན།།
ཉོན་མོངས་རྫོང་འགྱེལ་ལས་ངན་གྲུ་བོ་འཇིག།
གཉེན་པོ་བདེ་བའི་ཐང་ལ་སློབ་བོ་ཞེས།།
དམ་པ་གོང་མའི་གསུང་ལ་ཡིད་ཆེས་མཛོད།།

  ཅེས་ཕུགས་ནོར་བཅུའི་བསླབ་བྱ་འདི་ནི། སྤོང་བ་པ་དགེ་སློང་ཚུལ་ཁྲིམས་རྣམ་རྒྱལ་གྱིས་རྒྱ་སོགས་འཇམ་མགོན་བླ་མའི་སྒྲུབ་ཕུག་ཏུ་ལྕགས་གླང་ལོར་བྲིས་པ་དགེ་བར་གྱུར་ཅིག།།   །།

རྩོམ་ཡིག་ཕབ་བཤུ་བ། ནག་ཙན་དན། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2017-08-03 ལྟ་ཀློག (5220)