གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གིས་བསྡུས་པའི་སྦྱོང་བརྡར་འཛིན་གྲྭའི་གསར་འཕྲིན།

དེ་རིང་སྟེ་སྤྱི་ཟླ་6པའི་ཚེས་27ཉིན་ངེད་གངས་ལྗོངས་གཅེས་ནོར་

མཐུན་གཉེར་ཁང་གི་མཉམ་སྒྲུབ་ཚོང་སྡེའི་འོ་བསྡུ་ས་ཚུགས་ཀྱི་

བདག་གཉེར་དོ་དམ་མི་སྣ་དང་ལག་རྩལ་པའི་

སྦྱོང་བརྡར་འཛིན་གྲྭ་དངོས་སུ་

འགོ་བརྩམས།


       ཐེངས་འདིར་ཟབ་སྦྱོང་ལ་ཞུགས་མཁན་གྱི་མི་སྣ་ནི་མགོ་ལོག་ཁུལ་གྱི་རྫོང་སོ་སོའི་མཉམ་སྒྲུབ་ཚོང་སྡེ་དང་སི་ཁྲོན་རྔ་བ་ཟུང་ཆུ་རྫོང་སོགས་ནས་ཕེབས་པའི་མཉམ་སྒྲུབ་ཚོང་སྡེ་བཅུ་ཡས་མས་ཤིག་མཉམ་ཞུགས་བྱས་ཡོད།

      སྔ་དྲོར་རང་བཟོ་གྲྭའི་བཟོ་དཔོན་བསྟན་འཛིན་རྒྱ་མཚོ་ཡིས་སློབ་དཔོན་དམ་པ་འཇིགས་མེད་རྒྱལ་མཚན་ཚང་གི་རྣམ་དཀར་གྱི་ལྷག་བསམ་དང་རང་མི་རིགས་ལ་བཅང་བའི་བརྩེ་སེམས་དང་བཅས་ངེད་གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གི་ལོ་ངོ་བཅུ་བདུན་གྱི་བཞུད་ལམ་ལ་ཕྱིར་མིག་ཐེངས་གཅིག་བལྟས་ཤིང་། ད་དུང་ཐོན་སྐྱེད་ཁང་གི་སྤྱི་གཉེར་བ་རྒན་ཚེ་ཐར་འབུམ་གྱིས་ས་རྒྱུས་དང་འབྲེལ་ནས་ནོར་གནག་གི་ཐོན་ཁུངས་དང་ནོར་སྲིད་སྤྱི་གཉེར་བ་པདྨ་མཁའ་འགྲོ་ཡིས་ད་ལྟའི་དཔལ་འབྱོར་བདག་གཉེར་དོ་དམ་བྱེད་སྟངས་དང་འབྲེལ་ནས་ལག་རྩལ་གྱི་གལ་ཆེན་རང་བཞིན་བརྗོད་པ་སོགས་སློབ་ཁྲིད་གྱ་ནོམ་པ་ཞིག་བྱས།

       གཞན་ཡང་མཉམ་འབྲེལ་ཚོང་སྡེ་དག་གི་ཚབ་བྱེད་མི་སྣ་ཚེ་འབུམ་གྱིས་ལོ་ངོ་བཅོ་ལྔ་ལྷག་ལ་ངེད་མཐུན་གཉེར་ཁང་ལ་མཉམ་འབྲེལ་བྱས་པའི་ཉམས་མྱོང་དང་འབྲེལ་ནས་ཁྱིམ་ཚང་རང་གིས་མར་ཆུར་བསགས་ནས་གཞན་ལ་འཚོང་བ་ལས་མཐུན་གཉེར་ཁང་དག་ལ་སྤྲད་ན་ཁེ་སྤོགས་ལྡབ་འགྱུར་གྱིས་མཐོ་བ་སོགས་ངོ་སྤྲོད་གསལ་བོར་བྱས།

       ཕྱི་དྲོ་ཡང་ལོ་ངོ་བཅུ་བདུན་ལྷག་གི་རིང་ལ་རང་མཐུན་གཉེར་ཁང་གི་མགོ་མཇུག་བར་གསུམ་དུ་སྐྱིད་སྡུག་གི་ཁུར་བོ་མཉམ་དུ་ཁུར་ཞིང་རང་ཉིད་ཀྱི་ཡོད་ཚད་མཐུན་གཉེར་ཁང་ལ་ཕུལ་ནུས་པའི་ལག་རྩལ་པ་རྒན་པ་དགེན་བྱམས་པ་འོད་ཟེར་དང་དགེན་ལྕགས་བྱམས་གཉིས་ཀྱི་འབྲི་མོའི་ཤེས་བྱའམ་འབྲི་མོའི་འོ་མ་དང་འབྲི་མོའི་འོ་མ་མ་ཡིན་པའི་འོ་མའི་བསྡུར་བ་སོགས་རང་གི་མྱོང་དངོས་བརྒྱུད་གསུམ་གྱི་ལམ་ནས་སློབ་ཞུགས་པ་རྣམས་ལ་སློབ་ཁྲིད་ཆ་ཚང་བ་ཞིག་བྱས།

ལག་རྩལ་པ་དགེན་བྱམས་པ་འོད་ཟེར།


ལག་རྩལ་པ་དགེན་ལྕགས་བྱམས།

2017ལོའི་སྤྱི་ཟླ་6པའི་ཚེས་ཉེར་བདུན་ཉིན།
གངས་ལྗོངས་གཅེས་ནོར་འགན་འཁྲི་ཚད་ཡོད་མཐུན་གཉེར་ཁང་གིས།

རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2017-06-27 ལྟ་ཀློག (5425)