སློབ་གླིང་གསར་འགྱུར།

སློབ་སྒྲུབ་ཁེ་ལས་ཀྱི་སྐོར།

འཆད་འཁྲིད་པ།   དགེ་རྒན་པདྨ་མཁའ་འགྲོ།

     ༢༠༡༧ལོའི་ཟླ་༦པའི་ཚེས་༡༤ཉིན་ཐོན་མིའི་རིག་གནས་བརྗེ་རེས་ཞིབ་འཇུག་ལྟེ་གནས་ཀྱི་འཆད་ཁྲིད་ཐོན་མིའི་དགོངས་རྒྱན་གྱིས་གདན་ཞུས་ལྟར་རང་སློབ་གླིང་གི་དགེ་རྒན་ཁེ་ལས་དོ་དམ་པ་པདྨ་མཁའ་འགྲོ་ལགས་ཀྱིས་༼སློབ་སྒྲུབ་ཁེ་ལས་དང་འབྲེལ་ནས་ཆེད་ལས་ལག་རྩལ་གྱི་གལ་ཆེན་རང་བཞིན་གླེང་བ།༽ཞེས་པའི་འཆད་ཁྲིད་གནང་།
       ཁོང་གིས་དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་གིས་སློབ་སྒྲུབ་ཁེ་ལས་ཏེ་སློབ་གྲྭའི་རང་ཁ་རང་གསོའི་ཆེད་ཚོང་ལས་ཀྱི་ཕམ་ཁ་མང་བོ་ཞིག་བརྒྱུད་མཐར་གངས་ལྗོངས་གཅེས་ནོར་འགན་འཁྲི་ཚད་ཡོད་མཐུན་གཉེར་ཁང་བཙུགས་པའི་དམིགས་ཡུལ་དང་གོ་རིམ་ལས་འཕྲོས་ཏེ་བོད་ཀྱི་འབྲི་ནག་འོ་མའི་ཐོན་རྫས་སྦྲི་ཆུར་དང་འོ་ཕྱེ་སོགས་རྒྱལ་སྤྱི་དང་རྒྱལ་ནང་བོད་ཁུལ་ལ་སྤེལ་པའི་གོ་རིམ་དང་སྤུས་ཚད། ཁེ་ལས་དཔུང་སྡེ་དང་མིག་སྔར་གྱི་སྒྲིག་འཛུགས། ཆེད་ལས་སློབ་གྲྭ་དང་ཆེད་ལས་བཟོ་གྲྭ་མཉམ་འབྲེལ་གྱི་ཁྱད་ཆོས་དང་། བོད་སྤྱི་ཚོགས་ཐོན་ལས་ཀྱི་ཁྱད་ཆོས་ལ་རང་སློབ་གྲྭའི་སློབ་སྒྲུབ་ཁེ་ལས་ཀྱིས་འབུར་ཐོན་གྱི་ནུས་པ་བླ་ལྷག་ལྡན་པའི་དགེ་མཚན་སོགས་མདོར་ན་ དཀའ་སྡུག་གི་ཀྱག་ཀྱོག་བརྒྱུད་པའི་ལམ་ཁ་དང་དེ་ལས་གསར་སྐྲུན་བྱུང་བའི་ཉམས་མྱོང་གི་ཕན་འབྲས་སོགས་དགེ་སློབ་ཡོངས་ཡིད་འགུལ་ཐེབས་པའི་སློབ་སྒྲུབ་ཁེ་ལས་ཀྱི་རྒྱབ་ལྗོངས་ན་སྦས་པའི་གཏམ་རྒྱུད་གང་མང་བཤད་པས་ཚོགས་ར་ཀུན་སྤྲོ་སྣང་ལྡན་པར་བྱས་པ་མ་ཟད་རང་སློབ་གྲྭའི་རྩ་འཛུགས་སྡེ་ཁག་སོ་སོས་འདི་ལྟར་རང་ནུས་ཀྱིས་བློས་བཏང་གི་བྱ་བཞག་མང་བོ་ཞིག་བསྒྲུབས་དང་སྒྲུབ་བཞིན་པར་རྒྱུས་ལོན་དང་ཡི་རང་ཐོབ་ཡོད།

གཙོ་སྒྲུབ་སྡེ་ཁག   གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་ཞིབ་འཇུག་གླིང་གིས་གཙོ་སྒྲུབ་བྱས།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2017-06-15 ལྟ་ཀློག (2958)