ངན་སྤྱོད་བརྟག་པའི་མཚར་གཏམ།


ངན་སྤྱོད་བརྟག་པའི་མཚར་གཏམ།

    ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།

ཁྱོད་མདོ་མེད་མི་དེ་དྲན་རྒྱུ་མང་། །

ཁ་བདེན་བདེན་འདྲ་ཡང་དོན་ལ་མེད། །

ཁ་བལྟས་ན་རྒྱལ་ཁམས་ཉི་མ་ཤར། །

དོན་ལག་ཏུ་ལེན་དུས་མུན་པ་རུབ། །

ཁྱོད་ཅོལ་ཆུང་མི་དེ་ཟེར་རྒྱུ་མང་། །

སེམས་དྲན་ཚད་ཐམས་ཅད་ཁ་རུ་འདོན། །

ཁས་སྨྲས་ཚད་ལག་ལེན་གཅིག་ཀྱང་མེད། །

ལག་བླང་ན་མ་རབས་བྱ་བ་བྱེད། །

ཁྱོད་བློ་མང་མི་དེ་བྱེད་རྒྱུ་མང་། །

ལས་གཅིག་འགོ་མི་ཐོན་གཉིས་ལ་འཇུག །

ཡར་མཐོ་ས་བཞག་ན་ཕྱིར་ལ་བསྙགས། །

དམའ་རང་མལ་མི་ཟུག་མཐོ་བསྙབ་བྱེད། །

ཁྱོད་སེམས་ཆུང་མི་དེ་དགའ་སྡུག་མང་། །

ཚིག་མཐོ་དམའ་ཙམ་གྱི་གནད་མི་ཁྱག  །

ངོ་དཀར་ནག་ཙམ་གྱིས་རང་མཚངས་ཕོག །

ཟས་བཟང་ངན་ཙམ་གྱིས་མགུ་འཁོང་སྐྱེན། །

ཁྱོད་སྤྲོ་ཐུང་མི་དེ་འགྱུར་ལྡོག་མང་། །

སེམས་སྐྱིད་དུས་བྱང་ཆུབ་སེམས་དཔའ་འདྲ། །

སེམས་སྡུག་དུས་སྦྲུལ་ལ་གཙེས་པ་འདྲ། །

དུས་རྟག་ཏུ་རྒྱུས་པ་མེས་ཚིག་འདྲ། །

ཁྱོད་ཐ་ཆད་མི་དེ་འདྲིས་རོགས་མང་། །

འདྲིས་རྙིང་ཚད་རྣམས་དང་རིམ་པར་དབྱེ། །

མི་རྒྱུས་མེད་རྣམས་དང་གསར་འདྲིས་འཚོལ། །

ཉམས་བཅར་ན་བློ་གཏད་གཅིག་ཀྱང་མེད། །

ཁྱོད་མ་རབས་མི་དེ་ཟ་རོགས་མང་། །

ལྟོ་འབོལ་དུས་ངོ་དགའ་མཁས་ཚད་བསྡུ། །

ལྟོ་ལྟོགས་དུས་ཁྲེལ་དང་ངོ་ཚ་བོར། །

ལས་རང་བྱས་ལ་ཕྱི་མིག་ལྟ་མི་ཤེས། །

ཁྱོད་འདོད་ཅན་མི་དེ་ཆགས་པ་ཆེ། །

གདོང་སྐྱ་སྐྱ་མཐོང་ན་འཛུམ་ཆུང་ཤོར། །

ནོར་བཟང་བཟང་མཐོང་ན་སེམས་རྩ་འགུལ། །

མི་དབུལ་བོས་བསླངས་ཀྱང་སེར་སྣ་དམ། །

ཁྱོད་ཤེས་མེད་མི་དེ་རང་འདོད་ཆེ། །

མིས་དྲང་བོར་ལབ་ཀྱང་བདེན་མི་འཛིན། །

སེམས་གཡོ་སྒྱུ་ཆེ་ཡང་ངོ་ཚ་མེད། །

མི་གཞན་མགོ་གཡོགས་ཀྱང་ཤ་ཚ་མེད། །

ཚེ་ཐོག་མེད་ནས་ལས་ངན་ཁུར་བོ་ཁུར། །

ཉོན་མོངས་པའི་གྲོགས་དང་ཡུན་རིང་འདྲིས། །

དུས་དེང་སང་མི་ལུས་རིན་ཆེན་ཐོབ། །

ཆོས་སངས་རྒྱས་བསྟན་པ་མཇལ་བའི་དུས། །

ལས་ཅི་བྱེད་རང་གི་ལག་ཏུ་གདའ། །

ལྕགས་སྲ་མོ་བཏུལ་ན་བཟོ་ཆས་ཐོན། །

རྡོ་མཁྲེགས་པ་བཞུས་ན་རིན་ཆེན་འབྱུང་། །

ཞིང་ཐ་རིངས་རྨོས་ན་ལོ་ཏོག་སྐྱེ། །

ཕྱུགས་མི་སྲུན་བཏུལ་ཡང་ཞོན་ཁལ་ཕེར། །

ཚིག་གོ་ཤེས་ཡོད་པ་མི་ཡི་བུ། །

སྙིང་ཁོང་པའི་གཏིང་ནས་མ་རུལ་ན། །

ལམ་ཐར་བར་བགྲོད་ལ་དཀའ་ཚེགས་མེད། །

ལས་རང་ལ་ཡོད་ཀྱང་གཞན་དབང་ཤོར། །

ཆོས་བྱེད་བསམ་ངང་དུ་མི་ཚེ་ཟད། །

ཁ་ལྟོ་རྒྱབ་རྗེས་སུ་རྒྱུག་རྒྱུག་ནས། །

ཆོས་ཐོས་བསམ་སྒོམ་གསུམ་དབྱིངས་སུ་ཡལ། །

དྲིན་ཆེ་བའི་སྐྱོན་ལ་བརྟགས་བརྟགས་ནས། །

སྡོམ་དམ་ཚིག་ཆུ་ཡི་ནང་དུ་བོར། །

ངག་དོན་མེད་གཏམ་གླེང་མང་མང་ནས། །

འདོན་བཟླས་བརྗོད་ས་རྒྱབ་ལྐོག་ལངས་བྱས། །

ཡིད་འབྲས་མེད་བསམ་བློ་བཏང་བཏང་ནས། །

བསྐྱེད་རྫོགས་པ་མི་མངོན་དབྱིངས་སུ་ཐིམ། །

ལས་ཅི་བྱས་འདི་བྱས་མེད་པ་དང་། །

དོན་ཅི་ཐོན་འདི་ཐོན་གཅིག་ཀྱང་མེད། །

ལར་ད་ལྟའི་དུས་ན་བདག་འདྲ་བའི། །

ལུས་སེར་གོས་གྱོན་པའི་བན་དེ་དང་། །

ལག་བགྲང་ཕྲེང་ཐོགས་པའི་མཚམས་པ་དང་། །

སེམས་རྣལ་དུ་མི་གནས་རྟོགས་ལྡན་དང་། །

དཀོར་གྲོང་ཆོག་སྡུད་པའི་བླ་གཟུགས་རྣམས། །

སྐྱབས་དཀོནམཆོག་གསུམ་པོའི་བཀའ་དྲིན་གྱིས། །

ལྟོ་ཕོ་བ་རྒྱགས་ཀྱང་ཁོག་ནད་ཆེ། །

གོས་མིག་སྔར་མཛེས་ཀྱང་ཞེ་ལ་གཟན། །

ནོར་ཅི་འདོད་འབྱོར་ཡང་ཞེན་པ་ལོག །

ཚེ་འདི་གང་སྐྱིད་ཀྱང་ཕྱི་མར་སྡུག། །

འཕྲལ་ནམ་ཕུག་གཉིས་ཀར་ཕན་པའི་ཆོས། །

དོན་བཤད་མཁན་ཡོད་ཀྱང་ཉན་མཁན་མེད། །

ཚིག་ཉན་མཁན་ཡོད་ཀྱང་གོ་མཁན་མེད། །

ཕྱོགས་གོ་ཡང་ལག་ཏུ་ལེན་པ་དཀོན། །

ལག་བླངས་ཀྱང་མཐའ་རུ་ཕྱིན་པ་དཀོན། །

བཤད་ཤེས་ཀྱང་རང་ཉམས་ལེན་པ་དཀོན། །

གང་བྱས་ཀྱང་ལས་འཕྲོ་དམན་པའི་མི། །

གར་བལྟས་ཀྱང་དུས་ངན་སྙིགས་མའི་རྟགས། །

ད་འདི་འདྲའི་དུས་སུ་ཆོས་མཐུན་གྱི། །

བསམ་སྦྱོར་བ་སྣེ་གཅིག་མཐར་ཕྱིན་ན། །

དེ་མི་རྗེ་སླེབ་པའི་ཕ་ཡི་བུ། །

ཕྱིར་མི་ལྡོག་གཏན་འདུན་འགྲུབ་པ་ལགས། །

རང་གཞན་སྙིགས་དུས་ཀྱི་སྤྱོད་ཚུལ་ཡ་ང་ལ་སྐྱུགས་བྲོ་བ། ངུ་བྲོ་ལ་ཉམས་མཚར་བས་ན་བུན་གྱི་ཕྲེང་བ་བཞིན་དུ་གཡེང་བར་མཐོང་ནས་དབེན་པའི་ངོགས་སུ་བློ་གྲོས་མཐའ་ཡས་ཀྱིས་ཤུགས་འབྱུང་སྨྲ་བ་ཟང་ཐལ་དུ་སོང་བ་ལགས་སོ། །

རྩོམ་ཡིག་ཕབ་བཤུ་བ།  ནག་བཟའ་འཇམ་དབྱངས་ཀླུ་སྒྲུབ། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2017-05-28 ལྟ་ཀློག (4722)