ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འབྲུ་འགྲེལ་སྐལ་ལྡན་རི་སྐྱེས་འགུགས་པའི་གླིང་བུ། ༥

ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འབྲུ་འགྲེལ་སྐལ་ལྡན་རི་སྐྱེས་འགུགས་པའི་གླིང་བུ།

 བཅུ་བ། སངས་རྒྱས་ལ་བསྟོད་ཅིང་ལྷ་ཆེན་དག་ལ་སྨད་པ་ཕྱོགས་ལྷུང་མ་ཡིན་ཚུལ་བསྟན་པ།

རྩོམ་པ་བོ།  ལྡོང་ཡོན་ཏན་རྒྱ་མཚོ།

རྩ་བར།

བཅོམ་ལྡན་དེ་ནི་བདག་གི་གཉེན་མིན་མུ་སྟེགས་གཞན་དག་དགྲ་མ་ཡིན། །

དེ་དག་གི་སྤྱོད་གཞན་ཡང་མངོན་སུམ་གྱུར་བར་མ་མཐོང་སྟེ། 

ཚིག་དང་སྤྱོད་པ་དག་གིས་སོ་སོའི་ཁྱད་པར་ཐོས་པ་ལས། 

སངས་རྒྱས་ཡོན་ཏན་ཕུལ་དུ་ཕྱིན་ལ་དད་ཕྱིར་བདག་བརྟེན་ལགས།  

  ཞེས་གསུངས་ཏེ། དོན་ནི། ཁ་ཅིག་གིས། བདེ་བྱེད་བདག་པོ་ཁྱོད་ཀྱི་ཡིད་ཕྱོགས་ལྷུང་གི་དབང་དུ་སོང་བས་དེ་སྐད་སྨྲས་སོ་ཞེ་ན་ནི་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་ནི་བདག་གི་གཉེན་དང་ཉེ་དུ་མཛའ་བཤེས་གྲོགས་པོ་སོགས་གང་ཡང་མིན་ལ། ལྟ་བ་ངན་པའི་མུ་ལ་སྟེགས་འཆའ་བའི་དྲང་སྲོང་སེར་སྐྱ་ལ་སོགས་པ་དང་ཚངས་པ་དང་དབང་ཕྱུག་སོགས་སྲིད་པའི་ལྷ་ཆེན་དུ་གྲགས་པ་གཞན་དག་ནི་ང་དང་འཁོན་སེམས་ཡོད་ལ་སྙིང་ནས་མི་དགའ་བ་དང་གནོད་པ་བྱས་པའི་དགྲ་བོ་སོགས་ཀྱང་མ་ཡིན། ལས་དང་དུས་ཀྱིས་བསྐལ་བས་སངས་རྒྱས་བཅོམ་ལྡན་འདས་དང་འཇིག་རྟེན་པའི་ལྷ་སོགས་དེ་དག་གི་ཞི་དང་དྲག་པོའི་སྤྱོད་ལམ་དང་གཞན་ཡང་ཆ་ལུགས་དང་དང་ཆས་གོས་སོགས་ཀྱང་མིག་གི་དབང་བོའི་མངོན་སུམ་ཡུལ་དུ་གྱུར་བར་ངས་ལན་གཅིག་ཙམ་ཡང་མ་མཐོང་སྟེ། འོན་ཀྱང་། དེ་དག་གིས་ལམ་དང་ལམ་མ་ཡིན་པའི་ཚུལ་སོགས་གསུངས་པའི་ཚིག་གི་དོན་དང་། བསམ་པ་དང་སྤྱོད་པ་མི་འདྲ་བ་དག་གིས་སོ་སོའི་ཁྱད་པར་འདི་དང་འདི་ལྟ་བུ་ཡོད་དོ་ཞེས་གཞུང་ལུགས་ཚད་ལྡན་མང་བོ་དང་མཁས་པའི་ངག་གིས་ཡང་ཡང་བསྟན་ཞིང་བསྙད་པ་དག་མཐོང་ཞིང་ཐོས་པ་ལས།སངས་རྒྱས་བཅོམ་ལྡན་འདས་ཞེས་སྐྱོན་ཀུན་ཟད་ཅིང་ལྷ་ཆེན་པོ་དག་ལས་ཕུན་སུམ་ཚོགས་པ་གསུམ་གྱི་ཡོན་ཏན་ཕུལ་དུ་ཕྱིན་པར་གྱུར་བ་དེ་ལ་ཤེས་ནས་སྐྱེས་པའི་དད་པ་བརྟན་པོ་ཐོབ་པའི་ཕྱིར་ན།བདག་བདེ་བྱེད་བདག་པོས་ནི་སྙིང་ཐག་པ་ནས་འདི་ཕྱིའི་ས་མཁན་དང་མཐར་ཐུག་གི་སྐྱབས་བཅོམ་ལྡན་འདས་ཁོང་དང་དེའི་བསྟན་པ་གཅིག་བུ་ལ་བརྟེན་ཅིང་གཞན་དག་སྤངས་པ་ལགས་སོ།  །ཞེས་པ་སྟེ། ཁྱད་པར་འཕགས་བསྟོད་ལས། བདག་ནི་སྟོན་པ་གཞན་སྤངས་ནས། ། བཅོམ་ལྡན་ཁྱོད་ལ་སྐྱབས་མཆིས་པ། ། དེ་ཅིའི་སླད་དུ་ཞེ་ན་ཁྱོད། ། སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །ཞེས་གསུངས་པ་དང་དོན་མཚུངས་སོ། །


བཅུ་གཅིག་པ། ཁྱད་པར་དུ་བཅོམ་ལྡན་འདས་ཀྱི་གསུང་ལ་དད་པའི་ཚུལ་བསྟན་པ།

 རྩ་བར།

བདེ་བར་གཤེགས་པ་བདག་གི་ཕ་མིན་མུ་སྟེགས་གཞན་དག་དགྲ་མ་ཡིན། །

དེ་བཞིན་གཤེཊ་དེས་བདག་ནོར་མ་བསྩལ་གཟེཊ་ཟན་སོཊ་ཀྱིས་ཅང་མ་འཕྲོཊ། །

འོན་ཀྱང་སངས་རྒྱས་བཅོམ་ལྡན་དེ་ནི་གཅིག་ཏུ་འགྲོ་ལ་སྨན་མཛད་གསུང་། །

དྲི་མེད་དྲི་མ་ཐམས་ཅད་སེལ་མཛད་གང་ཡིན་དེ་ལ་བདག་དད་ལགས། །

ཞེས་གསུངས་ཏེ། དོན་ནི།བདེ་བར་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས་དེ་ནི་བདེ་བྱེད་བདག་པོ་བདག་གི་ཚེ་འདིའི་དྲིན་ཅན་གྱི་ཕར་གྱུར་བ་མིན་ལ། འཁོར་བའི་མཐའ་འམ་མུ་ཐར་བ་བཏགས་པ་བ་དང་། དེར་འཇུག་པའི་རྐང་སྟེགས་ལྟ་བུའི་ཐབས་སམ་ལམ་གྱི་རྣམ་བཞག་རང་གི་ཞེ་འདོད་ཀྱིས་བཏགས་པ་ལྟར་སྟོན་ཅིང་། མྱ་ངན་ལས་འདས་པ་ལས་ཕྱི་རོལ་ཏུ་གྱུར་བའི། ཆད་སྨྲ་འཇིག་རྟེན་རྒྱང་ཕེན་པའི་སྟོན་པ་ལྷའི་བླ་མ་ཕུར་བུ་དང་། དྲང་སྲོང་འཇིག་རྟེན་མིག་སོགས་དང་། རྟག་སྨྲ་གྲངས་ཅན་པའི་སྟོན་པ་སེར་སྐྱ་བ་དང་དྲང་སྲོང་མཆོད་འོས། གྲངས་ཅན་ལྷ་བཅས་པའི་སྟོན་པ་ལྷ་དབང་ཕྱུག་ཆེན་པོ། རྟག་སྨྲ་ཁྱབ་འཇུག་པའི་སྟོན་པ་ལྷ་ཁྱབ་འཇུག དཔྱོད་པ་བའི་སྟོན་པ་རྒྱལ་དཔོག་པ། རྟག་སྨྲ་དབང་ཕྱུག་པའི་སྟོན་པ་ལྷ་དབང་ཕྱུག་ཆེན་པོ། བྱེ་བྲག་པའི་སྟོན་པ་དྲང་སྲོང་གཟེགས་གཟན་པའམ་དྲང་སྲོང་འུག་པ། རིག་པ་ཅན་གྱི་སྟོན་པ་དྲང་སྲོང་རྐང་མིག་པ། རྟག་སྨྲ་གཅེར་བུ་བའི་སྟོན་པ་རྒྱལ་བ་དམ་པ། རྟོག་གེ་སྡེ་བ་དྲུག རྗེས་སྒྲོགས་པ་དྲུག སྙོམས་འཇུག་པ་དྲུག་སོགས་མུ་སྟེགས་པའི་སྟོན་པ་དང་དེའི་རྗེས་འཇུག་གཞན་དག་ནི་གནོད་ཅིང་འཚེ་བའི་དགྲ་བོ་ཡང་མ་ཡིན། དེ་བཞིན་གཤེཊ་པ་སངས་རྒྱས་བཅོམ་ལྡན་འདས་དེས་བདག་ལ་ཟད་མེད་ཀྱི་རྒྱུ་ནོར་ལོངས་སྤྱོད་མ་བསྩལ་ལ། བྱེ་བྲག་པའི་སྟོན་པ་ དྲང་སྲོང་གཟེགས་ཟན་པའམ་དྲང་སྲོང་འུག་པ་ཞེས་གཞན་གྱིས་བོར་བའི་གཟེགས་མ་ཟ་ཞིང་དཀའ་ཐུབ་བསྟེན་པ་བོ་དང་། དྲང་སྲོང་མཛེས་པའམ་རྐང་མིག་པ་ཞེས་ལྷ་མོ་ཨུ་མ་ཆགས་པས་གཟིར་ཏེ་བསྐུལ་ཀྱང་མིག་ཟུང་རྐང་རྩེར་ཕབ་ནས་བསྡད་པས་ལྷ་ཆེན་པོ་མགུ་སྟེ་རིག་པ་ཅན་པའི་(ཤེས་རབ་གོ་ཆའི་རྒྱ་འགྲེལ་སོགས་གཞུང་ལ་ལར་དཔྱོད་པ་བའི་གཞུང་རྩོམ་པ་བོར་བསྔགས་པ་ཞེས་ཀྱང་གསུངས།)གཞུང་རྩོམ་པ་བོར་བསྔགས་པ་བཞིན་རིག་པ་ཅན་པའི་རིག་པའི་ལྟ་བ་རྩོམ་པ་བོ། རྟག་སྨྲ་གྲངས་ཅན་པའི་སྟོན་པ་སེར་སྐྱ་སོཊ་ཀྱིས་རྒྱུ་དང་འབྱོར་བ་ཐོབ་དང་གོ་ས་སོགས་ཅང་ངམ་ཅི་ ཡང་མ་འཕྲོཊ་པས་ཅིག་ཤོས་ལ་དགའ་ཞིང་ཅིག་ཤོས་ལ་སྡང་དགོས་དོན་སོགས་ གཞར་ཡང་མེད་དོ། །

འོན་ཀྱང་།སངས་རྒྱས་བཅོམ་ལྡན་འདས་དེ་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པ། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པ། རྣམ་པ་གཅིག་ཏུ་འགྲོ་བ་སེམས་ཅན་རྣམས་ལ་སྨན་པའི་ལས་ཁོ་ན་མཛད་པ་བོ་ཡིན་ཞིང་། ཁོང་གི་གསུང་ནི་ཉེས་པ་ཐམས་ཅད་དང་བྲལ་བའི་གྲུབ་པའི་མཐའ་ཡིན་ཕྱིར་དྲི་མ་མེད་པ་དང་། གཞན་རྒྱུད་ཀྱི་ཉོན་མོངས་པའི་དྲི་མ་ཐམས་ཅད་སེལ་བ་དང་འཇོམས་པར་མཛད་ཅིང་ཡན་ལག་དྲུག་ཅུའི་ཡོན་ཏན་ལྡན་པ་ཡིན་ནོ། ། དེ་ལྟར་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་ཁྱད་ཆོས་ཅན་གང་ཡིན་པ་དེ་ལ་ནི་བདག་བདེ་བྱེད་  བདག་པོ་རབ་ཏུ་དད་ཅིང་གུས་པ་ལགས་སོ། ། ཞེས་པ་སྟེ་བླང་དོར་གྱི་རྣམ་དཔྱོད་དང་ལྡན་པ་རྣམས་ཀྱང་བསླུ་མེད་གསུང་གི་ཡོན་ཏན་ཅན་འདི་ལ་དད་པར་རིགས་སོ་ཞེས་དོན་གྱིས་བསྐུལ་བའོ། །

ཇི་སྐད་དུ། མྱ་ངན་ནད་ལ་ཤིན་ཏུ་ཕན་པའི་སྨན། །ཀུན་རྨོངས་མུན་པ་སེལ་བའི་སྒྲོན་མེ་མཆོག །དེ་ཉིད་ཡེ་ཤེས་བསྐྱེད་པའི་མིག་འབྱེད་པས། །རྒྱ་ཆེན་སངས་ རྒྱས་གསུང་ནི་མཉམ་པར་གྱིས། །སྲིད་གསུམ་སྒྲོལ་ཞིང་དུས་གསུམ་ཡེ་ཤེས་འཐོབ། །ངན་སོང་གསུམ་ཞི་བྱང་ཆུབ་གསུམ་ཐོབ་འགྱུར། །ཐོས་སོགས་ཐོག་མ་ལ་སོགས་མཆོག་གསུམ་ལྡན། །ཤིན་ཏུ་སྐལ་ལྡན་འདི་འདྲའི་ཚིག་གཞན་མེད། །དེ་བས་ཐུབ་གསུང་མཆོད་པ་བྱས་ནས་ནི། །ཤིན་ཏུ་གུས་པས་མཉན་པ་ཉིད་དུ་གྱིས། །ཞེས་དང་། ཁྱད་པར་འཕགས་བསྟོད་ལས། གཞན་གྱི་བསྟན་བཅོས་གཞན་དག་ནི། །ཕལ་ཆེར་སྔ་ཕྱི་འགལ་བ་ལགས། །ཁྱོད་ཉིད་ཀྱི་ནི་གཞུང་ལུགས་དག །ཐོག་མ་བར་མཐར་སྐྱོན་མ་མཆིས། ཞེས་དང་། རྗེ་ཐམས་ཅད་མཁྱེན་པས། མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན་དེ་ཡང་ནི། །འདི་ཉིད་ཡིན་ཕྱིར་མཁས་པ་ཡིས། །འདི་ལས་སངས་རྒྱས་རྗེས་དྲན་བྱོས། །ཞེས་གསུངས་པ་བཞིན་གཙོ་བོ་སངས་རྒྱས་ཀྱི་གསུང་གི་ཡོན་ཏན་མཐོང་ཞིང་དད་པ་དང་དེའི་རྗེས་སུ་འབྲངས་པ། དེ་ཉིད་ཉམས་སུ་བསྟར་བར་འབད་དགོས་པ་ཡིན་ནོ། །

 

བཅུ་གཉིས་པ། དད་པའི་རྒྱུ་གཞན་མཁྱེན་བརྩེ་ཕུལ་དུ་བྱུང་ཚུལ་བསྟན་པ།

རྩ་བར།

གང་ཞིག་རྟག་ཏུ་ཕན་དགྱེས་རྒྱུན་དུ་འགྲོ་ལ་ཕན་འདོགས་མཛད། །

གང་ཞིག་འགྲོ་བ་སྡུག་བསྔལ་རྣམ་མང་གདུང་བ་བདེ་མཛད་དང་། །

གང་ཞིག་ཤེས་བྱ་མཐའ་དག་ལག་མཐིལ་བཞིན་དུ་གསལ་མཁྱེན་པ། །

དྲང་སྲོང་མཉམ་མེད་རྒྱུ་མངའ་དེ་ལ་གློ་བ་དད་པར་གྱུར། 

  ཞེས་གསུངས་ཏེ། དོན་ནི། སངས་རྒྱས་བཅོམ་ལྡན་འདས་ནི་བྱམས་དང་བརྩེ་བའི་གཞན་དབང་དུ་གྱུར་བས་གང་ཞིག་དུས་རྟག་ཏུ་གཞན་ཕན་གྱི་ལས་ཁོ་ན་ལ་ཐུགས་དགྱེས་ཤིང་དུས་རྒྱུན་དུ་འགྲོ་བ་སེམས་ཅན་རྣམས་ལ་ཕན་འདོགས་པར་མཛད་པ་དང་། གང་ཞིག་ལས་ཉོན་གྱི་ཁོལ་བོར་གྱུར་བའི་འགྲོ་བ་སེམས་ཅན་རྣམས་འཁོར་བའི་སྡུག་བསྔལ་བརྒྱད་དང་དྲུག་དང་གསུམ་སོགས་རྣམ་པ་མང་བོས་གདུང་ཞིང་བཅོམ་པ་དང་གཟིར་བ་རྣམས་ལ་བདེ་བའི་ཐབས་དང་ལམ་ཡང་དག་པ་འདོམས་པར་མཛད་པ་དང་། གང་ཞིག་རང་ཉིད་ཀྱིས་བདེན་གཉིས་ཀྱིས་བསྡུས་ པའི་ཤེས་བྱ་མཐའ་དག་གི་རང་སྤྱི་སོགས་ལག་མཐིལ་གྱི་རི་མོ་དང་རྫས་ལ་གཟིགས་པ་བཞིན་དུ་མ་ནོར་མ་འདྲེས་པར་གསལ་ལེར་མཁྱེན་ཅིང་གཟིགས་པ། བདེན་པའི་དྲང་སྲོང་ཆེན་པོ་སྲིད་པ་གསུམ་ན་དཔེ་དང་ཟླ་བོ་གཞན་གྱིས་མཉམ་པ་དང་ཚུངས་པ་མེད་པའི་རྒྱུ་ཕུན་སུམ་ཚོགས་པ་ཐུགས་བརྩེ་བ་ཆེན་པོ་སོགས་ཀྱི་ཡོན་ཏན་ངོ་མཚར་བ་མངའ་བའམ་ལྡན་པ་དེ་ལ་བདག་བདེ་བྱེད་བདག་པོའི་གློ་བ་སྟེཡིད་དམ་སེམས་རབ་ཏུ་དད་པར་གྱུར་ཏོ། །ཞེས་པའོ། །


བཅུ་གསུམ་པ། ཐུབ་པའི་དབང་བོར་ཕྱག་བྱས་པའི་ཕན་ཡོན་བསྟན་པ།

རྩ་བར།

སྙིང་ནས་དད་དམ་ཇི་ལྟར་དགའ་བ་དང་། །

ཐེ་ཚོམ་གྱིས་སམ་གཞན་གྱི་ངོར་ཡང་རུང་། 

གང་ཞིག་ཐུབ་དབང་ཟླ་བ་དེར་ཕྱག་བྱེད།  

དེས་ནི་ལྷ་ཡི་བདེ་བ་ཕུན་ཚོགས་ཐོབ། །

  ཞེས་གསུངས་ཏེ། དོན་ནི། ཐུབ་པའི་དབང་བོ་སངས་རྒྱས་བཅོམ་ལྡན་འདས་ནི་སྐྱེ་དགུའི་བསོད་ནམས་གསོག་པའི་ཞིང་ཆེན་པོ་ཡིན་པས། སྐྱེ་བོ་སུ་ཞིག་གིས་རྒྱུན་དུ་སྦྱོར་བ་མེད་ཀྱང་སྙིང་ཐག་པ་ནས་དད་པ་བརྟན་པོས་ཕྱག་བྱེད་དམ།ཇི་ལྟར་ཏེ་ཡང་ན་མཆོད་པའི་དངོས་གང་རུང་གིས་མཆོད་པ་ལ་དགའ་བས་སམ་དད་པ་བརྟན་པོ་མེད་ཀྱང་སེམས་དགའ་བ་ཙམ་རྒྱུ་མཚན་དུ་བྱས་ཏེ་ཕྱག་བྱེད་པ་དང་།   སངས་རྒྱས་ཞེས་པ་བསླུ་བ་མེད་པའི་སྐྱབས་ཤིག་ཡིན་མིན་དང་དེའམ་དེའི་གཟུགས་བརྙན་ལ་ཕྱག་འཚལ་ན་བསོད་ནམས་ཡོད་དམ་མེད་སྙམ་དུ་ཐེ་ཚོམ་གྱིས་ཕྱག་བྱས་སམ། རང་ལ་དད་པ་དང་ཡིད་ཆེས་སོགས་མེད་ཀྱང་གྲོགས་པོ་སོགས་ཀྱིས་དད་པས་ཕྱག་འཚལ་གྱིན་འདུག་པས་དེ་དག་དང་རྗེས་སུ་མཐུན་པའམ། ཕྱག་མི་བགྱིད་ན་ཆད་པ་དང་སྨད་པ་ཆེན་པོས་ནོན་ནོ་སྙམ་དུ་གཞན་གྱི་ངོར་བལྟས་ནས་ཡང་རུང་སྟེ། སུ་ཞིག་གིས་བསམ་པ་བཞི་བོ་དེ་དག་གང་རུང་གིས་གང་ཞིག་མཉམ་མེད་ཐུབ་པའི་དབང་བོ་སྤང་རྟོགས་ཡོན་ཏན་གྱི་ཆ་ཤས་ཡོངས་སུ་རྫོགས་པའི་ཟླ་བ་ཉ་གང་བ་དང་འདྲ་བ་དེར་ཕྱག་བྱེད་པ་ཡིན་ན། སྐྱེ་བོ་མཆོག་དམན་བར་མ་ལ་ལྟོས་པ་མེད་པར་གང་ཞིག་ཕྱག་འཚལ་བ་བོ་དེས་ནི་མཐོ་རིས་ལྷ་ཡི་དཔལ་དང་འབྱོར་བའི་བདེ་བ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་ངེས་པ་ཡིན་ནོ། །  ཞེས་པ་སྟེ། ཕར་ཕྱིན་བསྡུས་པ་ལས། སྐྱབས་སོང་བསོད་ནམས་གཟུགས་མཆིས་ན། །སྟོང་གསུམ་འདི་ཡང་སྣོད་དུ་ཆུང་། །  ཞེས་དང་། མདོ་རྒྱ་ཆེར་རོལ་བ་ལས། བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ།  །  བདུད་བཅོམ་ནས་ནི་བྱང་ཆུབ་མྱུར་དུ་རེག་པར་འགྱུར།  །མྱ་ངན་ལས་འདས་ཞི་བ་བསིལ་བའི་དངོས་པོ་འཐོབ། །ཅེས་གསུངས་པ་དང་དོན་འདྲའོ། །


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-05-22 ལྟ་ཀློག (4605)