​བཙན་པོ་ཡབ་ཡུམ་གྱི་སྐུ་བརྙན་ཁྱད་པར་བ།


བཙན་པོ་ཡབ་ཡུམ་གྱི་སྐུ་བརྙན་ཁྱད་པར་བ། 
གསར་འགོད་པ། སྤྲེལ་ཉི་མ་རྒྱལ་མཚན། 
   ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་གི་བཙན་པོའི་གླིང་ག་རུ་ཇོ་སྲས་སམ་ཙོང་ཁ་རྒྱལ་བོའི་སྐབས་བཞེངས་པའི་བཙན་པོ་སྲོང་བཙན་
སྒམ་པོ་དང་རྒྱ་བཟའ་ཝུན་ཤིང་ཀོང་ཇོ་རྣམ་གཉིས་ཀྱི་༼ཞིན་ཅང་ཧི་ཐན་༽གཡང་ཊིའི་སྐུ་བརྙན་མཐོ་ཚད་ལ་ཕར་ཆེར་ལི་རྨིད་༤༥་ཙམ་གཉིས་བཞུགས་འདུག་པ་མ་ཟད་ད་དུང་བཙན་པོའི་སྐུ་བརྙན་གྱི་གཟུངས་བཞུགས་སུ་གཡང་ཊིས་བཟོས་པའི་མགོན་པོ་འོད་དཔག་མེད་དང་བཙུན་མོའི་སྐུ་བརྙན་གྱི་གཟུངས་བཞུགས་སུ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་སྐུ་བརྙན་ཆུང་ངུ་རེ་བཞུགས་ཡོད། འབྲེལ་ཡོད་ཆེད་མཁས་པས་སྐུ་འདྲ་དེ་གཉིས་ཀྱི་གཟུངས་བཞུགས་སུ་སངས་རྒྱས་ཀྱི་རིང་བསྲེལ་བཞུགས་ཡོད་པར་ཚོད་དཔག་གནང་ཡོད་ཅིང་རྐྱེན་གང་མང་གིས་དངོས་སུ་ཁ་འབྱེད་ནས་འགྲོ་བའི་གཟིགས་རྟེན་དུ་འབུལ་རྒྱུའི་གོ་སྐབས་བྲལ་བས་སྐུ་བརྙན་དེ་གཉིས་ལ་གསང་བ་ལྐོག་གྱུར་གྱི་འདུ་ཤེས་ཤིག་ངང་གིས་སྐྱེས་ཡོང་།  གླིང་གའི་དོ་དམ་མི་སྣས་མཚམས་སྦྱོར་ལྟར་ན་སྐུ་བརྙན་འདི་གཉིས་དུས་རབས་སྔོན་མའི་ལོ་རབས་བདུན་ཅུ་བར་ཟི་ལིང་གྲོང་ཁྱེར་གྱི་ལྷོ་རིའི་འདབས་སུ་ས་འོག་ནས་བཏོན་ཚུལ་བཤད་ལ། ལོ་རྒྱུས་རྒྱུ་ཆ་གཞན་དུ་སྔོན་མ་ནས་བཙན་པོའི་གླིང་ག་འདིའི་རྟེན་གྱི་གཙོ་བར་བཞུགས་ཡོད་ཚུལ་བཤད་འདུག  ད་ལྟ་སྟོང་སྐོར་རྫོང་གི་བཙན་པོའི་གླིང་གའི་ལྷ་ཁང་གཙོ་བོ་དེའི་ནང་བཞུགས་ཡོད།  བཙན་པོ་དང་བཙུན་མོའི་སྐུ་བརྙན་མང་ནའང་རྒྱུ་གཡང
་ཊི་ལས་བཟོས་པ་ཤིན་ཏུ་དཀོན་པོ་འདུག

བཙན་པོའི་གདུང་རྒྱུད་དངོས་མ་འོད་སྲུང་གི་གདུང་རྒྱུད་བར་མ་ཆད་པ་ཇོ་སྲས་སམ་ཁྲི་ནམ་ལྡེ་བཙན་མདོ་སྨད་ཙོང་ཁའི་མངའ་བདག་ཏུ་བྱོན་སྐབས་སྟོད་མངའ་རིས་ནས་ཆས་ཏེ་ཚོང་བར་བརྫུས་ནས་ནུབ་ལྗོངས་ཏེ་ད་ལྟའི་ཞིན་ཅང་བརྒྱུད་དེ་བྱོན་པ་རེད་ཟེར་བའི་བཤད་སྒྲོས་ཀྱང་བདེན་པར་ཆེ་སྟེ།  སྐབས་དེེ་ལི་ཡུལ་གཙོ་བྱས་ནུབ་ལྗོངས་སུ་ནང་བསྟན་བླ་ལྷག་ཏུ་དར་ཡོད་ལ། དེ་ཙ་ན་ནུབ་ལྗོངས་སུ་གཡང་ཊི་དང་གཞན་པའི་སྐུ་བརྙན་བཟོ་བའི་ལག་རྩལ་ཧ་ཅང་དར་ཡོད་པ་མ་ཟད་རྒྱ་གར་དང་གནའ་བོའི་གྷི་རིག་རོམ་བཅས་ཀྱི་སྒྱུ་རྩལ་གྱི་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་ཅིང་། སངས་རྒྱས་ཀྱི་རིང་བསྲེལ་སྐབས་དེར་རྒྱ་ནག་དང་ནུབ་ལྗོངས་ན་དར་ཁྱབ་ཆེ་ལ།   བཞེངས་སྟངས་དང་རྒྱུ་ཆའི་ངོས་ནས་ཀྱང་ནུབ་ལྗོངས་དང་འབྲེལ་བ་དམ་པོ་ཡོད། བཙན་པོའི་གླིང་ག་འདི་ནི་སྔོན་༦༤༡ལོར་སྲོང་བཙན་སྒམ་པོས་རྒྱ་བཟའ་ཀོང་ཇོ་ཁབ་ཏུ་བསུ་སྐབས་འ་ཞའི་རྒྱལ་བོ་ནོར་སྒར་པོ་དང་ཧོང་ཧྭ་ཀོང་ཇོ་རྣམ་གཉིས་ཀྱིས་རྒྱ་བཟའ་ཀོང་ཇོ་ལ་ཕེབས་བསུ་ཆེད་བཞེངས་པའི་ཕོ་བྲང་གི་རྣམ་པའི་གླིང་ག་ཞིག་ཡིན་པ་མ་ཟད་བཙན་པོའི་མཚན་ཐོག་ནས་བསྐྲུན་པའི་གླིང་ག་སྔ་ཤོས་དེ་ཡིན་ནོ།། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2017-05-21 ལྟ་ཀློག (5104)