ཚོང་ལས་མ་བྱས་སྔོན་དུ་ཤེས་དགོས་པའི་གལ་གནད་ཆེན་པོ་གསུམ།

ཚོང་ལས་མ་བྱས་སྔོན་དུ་ཤེས་དགོས་པའི་གལ་གནད་ཆེན་པོ་གསུམ།

ཅི་ཞིག་ལ་ཁེ་ལས་ཟེར།

   ཁེ་ལས་ལས་རིགས་ནི་མི་སོ་སོར་སྣང་ཚུལ་དང་སོ་སོས་གོ་བ་ལེན་ཚུལ་མི་འདྲ་བ་ཅི་རིགས་ཡིན། ཁ་ཤས་ཤིག་གི་བསམ་བློའི་ནང་དུ་དེ་ནི་སའེ་ལེ་ཁོན་གྲོང་ཁྱེར་དུ་བཟོ་འཕྲུལ་ཚོང་ལས་དར་སྲོལ་ཡོད་པ་དེ་འཆར་སྲིད་ལ། ཡང་སྐོར་ཅིག་གིས་དེ་ནི་སྲང་ལམ་གཡས་གཡོན་དུ་ཚོང་ཁང་གསར་དུ་སྒོ་འབྱེད་བྱས་པའི་ཚོང་བདག་ཆུང་ཆུང་དག་རེད་འདོད། དོན་ངོ་མར། ཁེ་ལས་ལས་རིགས་ནང་དུ་དེ་དག་འདུས་པ་མ་་ཟད་ཚོང་ལས་བསམ་བློ་དེ་དངོས་སུ་ཁེ་བཟང་ཆེ་བའི་ཚོང་ལས་བྱ་འགུལ་ཞིག་ཏུ་ལག་བསྟར་བྱེད་པར་ཆོད་སེམས་བརྟན་པོ་ཡོད་པའི་ཉེན་མཆོང་གི་ཚོང་ལས་བྱེད་སྒོ་མཐའ་དག་འདུས་ཡོད།"

ཁེ་ལས་པ་ཚོ་སུ་དག་ཡིན་ནམ།

  ཁེ་ལས་པ་ཚང་མར་འཛོམས་པའི་དམིགས་བསལ་རང་གཤིས་ཤིག་བཤད་དཀའ་ནའང་། ཁེ་ལས་པ་མང་བོར་ཐུན་མོང་དུ་དབང་བའི་ཁྱད་ནུས་སྐོར་ཞིག་ཡོད་ངེས། ཇའེ་ཎེ་ཁྲའ་( Jenny Ta)ཡིས་ཟེར་དོན། "རྒྱལ་ཁས་བརྟས་པའི་ཁེ་ལས་པ་དག་ནི་གཞན་དང་མི་འདྲ་བའི་གདེངས་སྤོབས་ཅན་དང་རང་ཡིད་རང་རྟོན་མཁན་ཡིན། ཁོ་ཚོར་རང་ཚུགས་ཆེ་ཡང་རང་ཉིད་ཀྱི་ཞན་ཆ་ཤེས་མཁན་ཏག་ཏག་ཡིན། ཁོང་ཚོས་རྒྱུན་འབྱམས་སུ་གནས་བའི་ལམ་ལུགས་དང་གོམས་ལོབས་དག་གི་རྗེས་སུ་མི་འབྲངས་བར་ཐོད་བརྒལ་ཆེན་པོས་རྒྱུན་པར་གཞན་གྱིས་བློ་ཁོག་གིས་མི་འདང་བའི་བྱ་བཞག་དག་སྒྲུབ་པར་རྩོམ་ནུས་པ་རེད། ཁོ་ཚོ་ཕམ་སྲིད་ནའང་བསྐྱར་དུ་མགོ་རྩོམ་པའི་གྲ་སྒྲིག་ཨང་གསལ་ཡོད་ལ། ཕམ་ཁ་ལས་བསླབ་བྱ་བླངས་ནས་སྔར་ལས་ཀྱང་འཐུས་ཚང་དང་གསར་བཏོད་ཀྱི་ཆ་ལྡན་པར་འབད་འབུངས་བྱེད།"

 དམིགས་འདུན་ཆེ་བའི་ཁེ་ལས་པ་ཚོར་གདམས་པའི་མན་ངག་འགའ། གལ་སྲིད་ཁྱེད་རང་སྔ་མོ་ནས་ཁེ་ལས་ཀྱི་འཇིག་རྟེན་ནང་དུ་འཛུལ་ཚར་ཡོད་ཚེ། འདི་དག་ཁྱེད་ཀྱིས་སེམས་ལ་ཉར་རྒྱུ་གལ་འགངས་ཆེན་པོ་ཡིན།  

གཞན་གྱི་ཕམ་ཁ་ལས་བསླབ་བྱ་ལེན་དགོས།

  ཁེ་ལས་ཁྲོད་ཕམ་ཁ་མྱོང་བའི་ཁེ་ལས་པ་ཚོར་རྒྱུས་ལོན་དང་ངོ་ཤེས་བསྒྲིག་རྒྱུ་ནི་ཁེ་ལས་ཆུང་ཆུང་ཞིག་ལམ་ལྷོང་ཡོང་བར་ཡི་རང་དང་མིག་ལྟོས་བྱེད་རྒྱུ་ལས་ཀྱང་གལ་གནད་ཆེན་པོ་ཞིག་ཡིན། གོ་ཁྲུ་ལེབ་(Gottlieb)ཀྱིས་གསུངས་རྒྱུར། "གཞན་གྱི་ཕམ་ཁའི་རྒྱུ་རྐྱེན་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པ་ནི་རང་ཉིད་ལམ་ལྷོང་ཡོང་བར་གོ་སྐབས་ཇེ་མང་གཏོང་བ་ཡིན། རྒྱུ་མཚན། ཀུང་སི་ཕལ་མོ་ཆེ་ཕམ་ཉེས་བྱུང་བར་ཐུན་མོང་གི་ནོར་འཁྲུལ་ཡོད་པས་ཡིན། ད་དུང་། ཕམ་ཉེས་བྱུང་བའི་ཚོང་པ་དག་གི་མདུན་ནས་ཁོ་ཚོའི་ནོར་འཁྲུལ་རྟོགས་པར་བྱེད་པ་ནི་རང་ཉིད་ཀྱི་རྒྱལ་ཁའི་གསང་ལམ་འཚོལ་བ་ཡིན།"

ཁེ་ལས་ནི་རང་ཉིད་ཀྱི་མངོན་འདོད་ཡིན་པའི་ངེས་ཤེས་གཙང་མ་དགོས།

  དེའི་རྒྱུ་མཚན། ཁེ་ལས་ནི་དཀའ་ཐུབ་སྡུག་རུས་ལ་བརྟེན་དགོས་པས་རང་ཉིད་ཀྱིས་གདམས་པའི་ལམ་ཁ་དེ་ནི་ནོར་མེད་པའི་ངེས་རྟོགས་ཡོད་རྒྱུའང་རྩ་དོན་ཉག་གཅིག་ཡིན། ཨ་མེ་ཎེ་(Amini) ཡིས་བརྗོད་པ་ལྟར་ན། "ཁེ་ལས་གཉེར་རྒྱུ་རང་ཉིད་ཀྱི་མངོན་འདོད་ངོ་མ་ཡིན་ན། ཕུགས་རྒྱང་རིང་བའི་བསམ་བློ་གཏོང་ནས་རྒྱུན་འཁྱོངས་བྱེད་དགོས། རླབས་ཆེ་བའི་ཁེ་ལས་པ་མང་ཆེ་བས་ཐེངས་དུ་མར་གྱོང་དང་ཕམ་ཁ་མང་བོ་བསྟུན་མར་མྱངས་རྗེས་གཞི་ནས་རང་ཉིད་རྒྱལ་ཐུབ་པའི་ཚོང་ལས་ཀྱི་རིག་པ་དེ་རྙེད་རེད།"

སྤྲོ་ཤུགས་བསྐྱེད་དགོས།

  གྲུབ་འབྲས་བླ་མེད་ཡོད་པའི་ཁེ་ལས་པ་ཚོར་རིན་ཐང་ལྡན་པའི་བྱས་འབྲས་དང་དོན་སྙིང་གིས་ཕྱུག་པའི་མི་ཚེའི་བྱ་བཞག་ཅིག་བསྒྲུབ་པར་ནམ་ཞར་ལ་ཞུམ་བྲལ་གྱི་སྤྲོ་ཤུགས་དང་སེམས་འདུན་ཁྱད་པར་བ་ཞིག་ཡོད། བྷ་ཆུན་ཧེ་མུར་(Bachenheimer)གྱིས་བཞེད་པར། "ཁེ་ལས་ཚོང་གཉེར་ཁྲོད་ཆེས་གལ་ཆེ་བ་ནི་སྤྲོ་ཤུགས་ཀྱི་སྙིང་སྟོབས་དང་རྒྱུན་འཁྱོངས་ཀྱི་དམ་བཅའ་གཉིས་ཡིན། འོན་ཏེ། དེ་གཉིས་གླེན་པའི་ཨུ་ཚུགས་དང་གཞི་མེད་ཀྱི་ང་རྒྱལ་དང་གཏན་ནས་བསྡེབ་པའམ་བསྡོང་མི་ཉན།"

ཁེ་ལས་གཉེར་མྱོང་བའི་མི་བུ་དག་ནས་ལམ་སྟོན་ཞུ་དགོས།

 ཨ་མེ་ཎེ་ཡིས་བརྗོད་པར། "ཚོང་ལས་བྱེད་སྒོ་གསར་སྤེལ་དོན་གཉེར་བྱེད་མཁན་ཚོས་ཚོང་ལས་ལ་གྲུབ་འབྲས་ཡོད་པའི་སྐྱེས་ཆེན་ཚོ་རང་ཉིད་ཀྱི་ཚོང་ལས་མཛུབ་སྟོན་པར་བསྟེན་པ་དང་། དཔེ་ཀློག་བྱེད་པ། མང་ཚོགས་ཀྱིས་ཡི་རང་བྱེད་པའི་སྐྱེས་བུ་དག་དང་འགྲོགས་འདྲིས་བྱེད་པ། གཞན་གཞི་རྒྱ་ཆེ་བའི་ཤེས་ཡོན་གྱི་ལས་འཆར་དག་ལ་མཉམ་བཞུགས་གནང་ནས་ཁེ་ལས་བྱེད་སྒོའི་མགོ་མཇུག་བར་གྱི་བརྒྱད་རིམ་ཡོངས་ལ་རམ་འདེགས་བྱེད་དགོས།"

དཀའ་ངལ་ལ་གདོང་ལེན་བྱེད་དགོས།

"ཁེ་ལས་པ་ཞིག་ཡིན་ཚེ་མིག་མདུན་གྱི་དཀའ་ངལ་དག་ལ་གདོང་གཏུགས་ནས་དཀའ་ངལ་སེལ་བའི་ཐབས་ལམ་འཚོལ་དགོས་པ་ལས། དཀའ་ངལ་གྱི་ཁྲོད་དུ་བློ་ཕམ་ཞིང་ཉྭ་སྐུམ་མི་རུང་།" ཞེས་སློབ་སྟོན་པ་ཨ་ཇའ་བྷམ་(Ajay Bam) གྱིས་ཨ་རིའི་ཁཱ་ལེ་ཧྥོ་ནེ་ཡའི་གཙུག་ལག་སློབ་ཆེན་གྱི་བྷ་ཁུ་ལའེ་ཧ་སི་ཚོང་ལས་སྡེ་ཚན་དུ་ཁེ་ལས་དང་གསར་བཏོད་ཀྱི་སྐོར་ལ་གསུངས་བའི་བཀའ་སློབ་ནང་དུ་བཀོད་ཡོད། ད་དུང་ཁོས་བཤད་རྒྱུར། "ཕྱོགས་གཞན་ཞིག་ནས་གླེང་ན། ཁེ་ལས་པ་ཚོས་ཐབས་ལམ་ཞིག་ནས་མགོ་བརྩམས་ཏེ་དཀའ་ངལ་འཚོལ་བའང་མི་རུང་།"


ཇི་ལྟར་ཚོང་ལས་འཆར་གཞི་ཚད་ལྡན་ཞིག་འབྲི་བ།

དང་བོ། ཚོང་ལས་འཆར་གཞི་ཚད་ལྡན་ཞིག་འབྲི་བར་ངེས་པར་སྲུང་དགོས་པའི་དོན་ཚན་དགའ།

༼༡༽ཡིག་འབྲུ་ཉུང་ཞིང་གནད་དུ་ཁེལ་བ།

ཚོང་ལས་འཆར་གཞི་ནི་ཡིག་འབྲུ་ཉུང་ཞིང་གོ་སླ་བ་ཞིག་ཡིན་དགོས།དེ་ལ་རྒྱུ་མཚན་གཉིས་མཆིས་ཏེ།དང་བོ་ནི་ཁྱེད་ཀྱིས་རང་ཉིད་ཀྱི་འཆར་གཞི་དེ་མི་གཞན་ཞིག་ལ་ཀློག་ཏུ་འཇུག་པའི་ཆེད་ཡིན་གཤིས།༼ཤོག་ངོས་བརྒྱ་གྲངས་ལོངས་པའི་ཚོང་ལས་འཆར་གཞི་ཞིག་སུས་ཀྱང་ཀློག་མི་སྲིད༽།གཉིས་པ་ནི་ཚོང་ལས་འཆར་གཞི་དེ་ཀློག་བདེ་བོ་ཞིག་ཡིན་ན་ཁྱེེད་ཀྱིས་ཡང་ལྟ་བསྐྱར་ལྟ་བྱས་ནས་འགྱུར་བཅོས་དང་དག་བཅོས་བྱེད་ཆོག འོན་ཏེ་དེ་འདྲ་ཞིག་མིན་ཚེ་ཚོང་ལས་འཆར་གཞི་དེ་དོན་སྙིང་ཅི་ཡང་མེད་པའི་འཐེན་སྒམ་ནང་གི་གནའ་རྫས་ཤིག་ཏུ་འགྱུར་ངེས་རེད།

༼༢ ༽གཉིས་པ། ཀློག་མཁན་ལ་ཁ་གཏོད་པ།

ཚོང་ལས་འཆར་གཞི་ནི་ཁྱེད་ཀྱི་ཀློག་མཁན་གྱིས་གོ་བའི་སྐད་རིགས་ཤིག་ཏུ་འབྲི་དགོས།དཔེར་ན། ཁྱེད་ཀྱི་ལས་ཁུངས་ནི་རྙོག་འཛིངས་་ཆེ་བའི་ཚན་རྩལ་གསར་གཏོད་སྐོར་གྱི་ལས་ཁུངས་ཤིག་ཡིན་ཚེ།གལ་ཏེ་ཁྱོད་ཀྱིས་རེ་བ་འཆང་སའི་མ་གཏོང་བ་དག་ཚན་རིག་པ་མིན་ཞིང་༼ཁོ་ཚོས་ཁྱོད་ཀྱིས་བེད་སྤྱོད་བྱས་པའི་ཚན་རིག་སྐོར་གྱི་བརྡ་ཆད་མང་བོ་ཤེས་ཀྱི་མེད་ན༽ཁྱོད་ཀྱིས་བསྐྱར་བཅོས་གང་ལེགས་བྱས་ནས་འབྲི་དགོས།མ་གཏོང་བ་རྣམས་ལ་བསྟུན་ཏེ་འབྲི་བ་དང་།ཁྱོད་ཀྱི་ཐོན་རྫས་དག་མཐུན་མོང་གིས་གོ་བའི་བརྡ་ཆད་དག་བེད་སྤྱོད་ཀྱིས་ཁོ་ཚོར་སྟབས་བདེ་ཞིང་གོ་སླ་བའི་ངང་འགྲེལ་བཤད་བྱེད་དགོས།ཁྱེད་ཀྱི་ཟུར་ཉར་ཡིག་ཆར་ཞིབ་ཕྲའི་གནས་ཚུལ་མང་ཙམ་ཉར་ན་ལེགས།

༣༽སེམས་ཤུགས་མི་གཅོག་པ།

ཚོང་ལས་གཉེར་མཁན་དང་ཁེ་ལས་པ་མང་པོ་ཞིག་ཆེད་ལས་ཚོང་བ་མིན་ཞིང་།ཏག་ཏག་ཁྱོད་དང་འདྲ་བར་འགྲོ་ཞོར་དང་སློབ་ཞོར་བྱེད་བཞིན་ཡོད་པ་ལས་ཚོང་ལས་ཀྱི་ཐོབ་ཐང་ཡོད་པ་ཉུང་ཤོས་ཡིན།ཚོང་ལས་འཆར་གཞི་ཞིག་འབྲི་བར་ཡང་དཀའ་ལས་འཕྲད་ཀྱི་ཡོད།གལ་ཏེ་ཁྱེད་རང་རང་ཉིད་ཀྱི་ཚོང་ལས་ལ་རྒྱུས་མངའ་ལྡན་པ་དང་སེམས་ཤུགས་ཀྱིས་འཇུས་ཏེ་འཆར་གཞི་ལྟར་ལག་བསྟར་བྱས་པ་ཡིན་ན། དོན་དག་ཡོད་ཚད་བདེ་ལེགས་ངང་འགྲུབ་སྲིད།

གཉིས་པ།ཚོང་ལས་འཆར་གཞིའི་ས་བཅད་རེ་རེར་རགས་ཙམ་ལྟ་བ།

༼༡༽ ལག་ལྟར་རགས་ཟིན།

སྒྲིག་གཞི་ལྟར་ན་ལག་ལྟར་རགས་ཟིན་ནི་ཚོང་ལས་འཆར་གཞིའི་ས་བཅད་དང་བོར་འཇོག་ཅིང་།དེ་ནི་མི་རྣམས་ཀྱིས་ཚོང་ལས་འཆར་གཞིའི་བཀླག་བྱ་དང་བོ་དེ་ཡིན་ངེས།ཡིན་ནའང་སྤྱིར་བཏང་དུ།ངས་ཁྱེད་ཚོར་ལག་ལྟར་རགས་ཟིན་དེ་ས་བཅད་ཡོད་ཚད་ཀྱི་

མཐའ་མར་འབྲི་བར་ལམ་སྟོན་བྱེད་རྒྱུ་ཡིན། ཅིའི་ཕྱིར་ཞེས་ན།ཐོག་མར་ཁྱེད་ཀྱིས་རང་ཉིད་ཀྱི་ཚོང་ལས་འཆར་གཞིའི་མགོ་རྔ་ཡོད་ཚད་ལ་རྒྱུས་ལོན་གསལ་བོ་ཞིག་བྱས་རྗེས་ལག་ལྟར་རགས་ཟིན་བྲིས་པ་ཡིན་ན།དེ་ཡག་པོ་ཞིག་འཁྱོངས་བར་ཕན་ཐོག་ཡོད་ངེས་ཡིན།ལག་ལྟར་རགས་ཟིན་ནི་ཁྱོད་ཀྱི་ལས་གཞིའི་ངོ་སྤྲོད་ལྟ་བུ་ཞིག་ཡིན་ཞིང་།དེ་རུ་ཁྱོད་རང་ཅི་ཞིག་ལས་མཁན་ཡིན་པ་དང་།ཁྱོད་ཀྱི་ཚོང་ལས་འཆར་གཞི་ཀློག་མཁན་རྣམས་ལས་ཁྱོད་ཀྱིས་ཅི་ཞིག་ཐོབ་འདོད་བྱེད་ཀྱི་ཡོད་པའི་ལྟ་ཚུལ་དེ་མཚོན་པ་ཡིན།དོན་དངོས་ཐོག མ་གཏོང་མ་རྣམས་ཀྱིས་ཐེངས་དང་བོར་ཁྱེད་ཀྱི་ཁེ་ལས་ལ་གདེང་འཇོག་བྱེད་སྐབས།ཁོ་ཚོས་ལག་ལྟར་རགས་ཟིན་གཅིག་པོར་ལྟ་ངེས་ཤིང་།གལ་ཏེ་ཁོ་ཚོ་ལག་ལྟར་རིགས་ཟིན་ལ་དགའ་བོ་ཡོད་ན།ད་གཟོད་ཁྱེད་ལ་འཆར་གཞི་ཆ་ཚང་ལ་ལྟ་དགོས་པའི་རེ་བ་བྱེད་ཅིང་།དེ་ནས་གོམ་གང་མདུན་སྤོས་ཀྱིས་ཁྱོད་ཀྱི་ཁེ་ལས་ལ་གཏིང་ཟབ་པའི་རྒྱུས་ལོན་བྱེད་སྲིད།ལག་ལྟར་རགས་ཟིན་ནི་ཁྱོད་ཀྱི་ཚོང་ལས་འཆར་གཞིའི་ཁྲོད་ཀྱི་གྲུབ་ཆ་ཆེས་གལ་འགངས་ཆེ་ཤོས་དེ་ཡིན་པས།དེ་ནི་ཧ་ཅང་གཟབ་ནན་དང་གང་ལ་གང་འཚམ་གྱི་ཞིབ་ཚགས་འབྲི་དགོས་ཤིང་།བརྗོད་བྱ་འབུར་དུ་ཐོན་པ་དང་རྗོད་བྱེད་ཀྱི་ཚིག་གོ་སླ་ཞིང་སྟབས་བདེ་བེད་སྤྱོད་བྱེད་དགོས།

གནད་ཚིག་དག་ལ་ཚོན་མདོག་གིས་རྟགས་བརྒྱབ་སྟེ་གསལ་བོར་བཟོས་ནས་ཀློག་མཁན་ལ་ཡང་དག་པར་བརྡ་སྤྲོད་དགོས།གཞུང་ལུགས་ལྟར་ན། རགས་ཟིན་འདི་ཤོག་ཕྲེང་གཅིག་ནས་གཉིས་བར་ཡིན་ན་འོས་འཚམ་ཡིན་ཏེ། མདོར་ན།ཀློག་མཁན་གང་དེའི་དང་བ་འདྲེན་ཅི་ཐུབ་བྱེད་རྒྱུ་ནི་ས་བཅད་འདིའི་དམིགས་ཡུལ་གཙོ་བོ་ཡིན།

༼༢༽ལག་ལྟར་རགས་ཟིན་ཚད་ལྡན་ཞིག་གི་གྲུབ་ཚུལ་གཤམ་ལྟར།

༡ཁྱེད་ཀྱི་ཁེ་ལས་མཚོན་པའི་ཚིག་གྲུབ་གཅིག།

ཁྱོད་ཀྱི་ཁེ་ལས་ཀྱི་མིང་གི་གཤམ་ཏུ་ཚིག་གྲུབ་གཅིག་བྲིས་ཏེ།ཁྱེད་རང་ཅི་ཞིག་བྱེད་མཁན་ཡིན་པ་དང་། ཁྱོད་ཀྱི་ཁེ་ལས་ཀྱི་ངོ་བོ།ཡང་ན་རྟགས་མཚན་ལྟ་བུ་ཞིག་འབྲི་འོས་ཤིང་།དོན་ངོ་མར་ཁྱེད་ཀྱིས་འཆར་གཞི་འགོད་བཞིན་པའི་ཚོང་ལས་དེས་ཅི་ཞིག་བྱེད་ཀྱི་ཡོད་པ་སྟེ།རང་ཉིད་ཀྱི་རིན་ཐང་མཚོན་པའི་ཚིག་གྲུབ་ཅིག་ཡིན་ན་འགྲིག།འདི་ལ་རིན་ཐང་གི་ལྟ་བ་ཞེས་ཀྱང་མི་ཆོག་པ་མེད། འདི་ནི་ཁྱོད་ཀྱི་ཁེ་ལས་རིག་གནས་ཀྱི་སྙིང་བཅུད་ལྟ་བུའི་ཚིག་གྲུབ་ཅིག་ཡིན་སྲིད།

      ༢གནད་དོན།

ཁྱོད་ཀྱིས་ཁྲོམ་རའི་གནད་དོན་ཅི་ཞིག་སེལ་གྱིན་ཡོད་པ་འགྲེལ་བཤད་བྱོས།ཚོང་ལས་ཡོད་ཚད་ཀྱིས་རང་ཉིད་ཀྱི་འཛད་སྤྱོད་པའི་གནད་དོན་ཞིག་སེལ་གྱིན་ཡོད་པ་དང་།ཁྲོམ་རའི་དགོས་མཁོ་ཞིག་སྐོང་བཞིན་ཡོད་པ་ཡིན།

    ༣གནད་དོན་སེལ་ཐབས།

འདི་ནི་ཁྱོད་ཀྱི་ཐོན་རྫས་དང་ཡང་ན་ཞབས་ཞུའི་རྣམ་གྲངས་ཤིག་ཡིན།ཁྱོད་ཀྱིས་ཁྲོམ་རའི་ཁྲོད་ནས་སྟོང་ཆ་ཅི་ཞིག་རིག་སོང་།

      ༤ཁྲོམ་ར་གཏན་འབེབ།

ཁྱོད་ཀྱི་འཛད་སྤྱོད་པ་སུ་ཞིག་ཡིན།ཁྱེད་ཀྱི་མཐོང་ལམ་དུ་འཛད་སྤྱོད་པ་ཅི་ཙམ་འདུག འདི་ནི་ཞིབ་ཚགས་ཀྱིས་བསམ་བློ་གཏོང་དགོས་པ་ཞིག་སྟེ།གལ་ཏེ་ཁྱོད་རང་ལྷམ་བཟོ་མཁན་གྱི་ལས་ཁུངས་ཤིག་ཡིན་ན།མི་ཡོད་ཚད་ལ་རྐང་བ་ཡོད་པ་རྒྱུ་མཚན་ཏུ་བྱས་ཏེ་ངའི་འཛད་སྤྱོད་པ་ནི་མི་ཡོད་དོ་ཅོག་གོ་ཟེར་མི་རུང་སྟེ།ཁྱེད་ཀྱིས་བྱེ་བྲག་གི་ཁྲོམ་རའི་ཆ་ཤས་ཤིག་ལ་བསམ་བློ་གཏང་ན་འགྲིག དཔེར་ན།རྒྱུག་རྩལ་འགྲན་མཁན་གྱི་ལྷམ་ལྟ་བུའོ།།

      ༥འགྲན་རྩོད།

ཁྱོད་ཀྱི་གཏན་འབེབ་ཁྲོམ་རའི་དམིགས་སྔའི་གནད་དོན་སེལ་བ་ཅི་འདྲ་རེད།ཁྲོམ་རའི་ཁྲོད་དུ་ཚབ་བྱེད་རང་བཞིན་དང་ཡང་ན་འདེམ་ཀ་ཡོད་དམ།ཚོང་ལས་ཡོད་ཚད་ལ་ཁྲོམ་རའི་སྟེང་འགྲན་རྩོད་ཡོད་པ་གཏན་ཁེལ་ཞིང་།ཁྱོད་ཀྱི་ལག་ལྟར་རགས་ཟིན་ཏུ་འདིིའི་སྐོར་ཡག་པོ་ཞིག་ཡོང་ཐབས་བྱེད་རྒྱུ་ནི་གནད་ཀྱི་དོན་པོ་ཡིན།

   ༦ཚོང་ལས་རུ་ཁག

ཁྱོད་ཀྱི་ཚོང་ལས་རུ་ཁག་ངོ་སྤྲོད་ཐུང་ངུ་ཞིག་དང་།ཅིའི་ཕྱིར་ཁྱེད་དང་ཁྱེད་ཀྱི་རུ་ཁག་དེ་ཁྲོམ་རའི་ཐོག་འཆར་གཞི་འདི་ལག་ལྟར་བྱེད་པར་འོས་འཚམ་ཡིན་པའི་ཐད་གསལ་བཤད་མདོར་བསྡུས་ཤིག་འབྲི་བར་བྱ།མ་གཏོང་བ་དག་གིས་ཚོང་ལས་རུ་ཁག་གི་སྟེང་ལ་རེ་བ་ཧ་ཅང་ནན་པོ་འཛིན་པར་བྱེད་ཅིང་།ཁྱེད་ཀྱི་བསམ་བློ་ལས་ཀྱང་རུ་ཁག་དེ་གལ་ཆེ་བར་བལྟ་སྲིད།རྒྱུ་མཚན་ནི་བསམ་བློ་ཅི་ཙམ་རླབས་ཆེན་ཞིག་ཡིན་ནའང་།ལག་ལྟར་བྱེད་མཁན་ཕུལ་དུ་བྱུང་བ་ཞིག་ཡོད་ན་ད་གཟོད་བསམ་བློ་དེ་དག་མངོན་འགྱུར་ཡོང་ཐུབ་པས་རེད།

  ༧ དངུལ་དོན་རགས་ཟིན།

འདིར་ཁྱོད་ཀྱི་ཕྱིར་འཚོང་འཆར་གཞི་དང་འགྲོ་སོང་།ཁེ་སྤོགས་ལེན་ཐབས་སོགས་ཀྱི་ཕྱོགས་ལ་རེའུ་འགྲེལ་བཟོས་ཏེ་བསྟན་ན་འགྲིག་ཅིང་།ཁྱེད་ཀྱི་ཚོང་ལས་བྱེད་ཕྱོགས་ཏེ་༼ཇི་ལྟར་ཁེ་སྤོགས་ལེན་པ༽སོགས་ཀྱི་ཕྱོགས་ལ་དམིགས་བསལ་ཁ་སྣོན་ཡོད་ན་འདིར་འབྲི་ཆོག་པ་ཡིན།དངུལ་དོན་ཕྱོགས་ཀྱི་གནད་ཚིག་དག་ལ་ཚོན་མདོག་སྨྱུ་གུས་རྟགས་རྒྱག་དགོས།

 ༨ མ་དངུལ་རེ་ཞུ།

གལ་ཏེ་ཁྱོད་ཀྱིས་ཁེ་ལས་ཤིག་འགོ་འཛུགས་པར་མ་དངུལ་དགོས་ཀྱི་ཡོད་པ་ཡིན་ན།ཁྱེད་ཀྱིས་རང་གི་རགས་ཟིན་གྱི་ནང་དུ་ཅི་ཞིག་དགོས་ཀྱི་ཡོད་པ་དེ་འབྲི་དགོས་ཞིང་།མ་འོངས་པར་མ་དངུལ་གཏོང་དགོས་པའི་ཕྱོགས་འབྲི་མི་འོས་།དེ་ལས་ཁྱེད་རང་ལ་ཁེ་ལས་འདི་འགོ་འཛུགས་པར་མ་དངུལ་ག་ཚོད་དགོས་པ་གསལ་བཤད་ཐུང་ངུ་ཞིག་བྱེད་པས་འཐུས་སོ།།


ཚོང་ལས་གསར་སྤེལ་མ་བྱེད་སྔོན་ཡིད་འཇོག་བྱ་དགོས་པའི་གལ་གནད་དྲུག

༡.རང་ཉིད་ཀྱི་ཀུན་སློང་ལ་དཔྱད་པ། 
   ཁྱེད་རང་མི་གཞན་གྱི་ལག་འོག་ནས་མུ་མཐད་དུ་བྱ་བ་སྒྲུབ་པར་བསུན་སོང་ནས་རང་དབང་དང་གུ་ཡངས་ཤིག་འཚོལ་འདོད་པ་ཡིན་ནམ། ཡང་མིན་ན། ཚོང་ལས་བྱེད་སྒོ་གསར་སྤེལ་བྱེད་པར་ཕོད་ཚོད་ཀྱིས་ཧོར་རྒྱུག་བྱེད་པ་ཡིན་ནམ་ཅི། འདི་དག་ནི་ཚོང་ལས་ལས་སྒོ་གསར་གཉེར་བྱེད་འགོ་བརྩམ་པར་ཡང་དག་པའི་རྒྱུ་མཚན་ཞིག་ཡེ་ནས་མིན། གལ་ཏེ། ཁྱེད་ཀྱིས་ཚོང་ཤག་དང་འབྲེལ་བའི་དཀའ་ངལ་སེལ་ཐབས་ལ་རིག་པ་སྒྲིམ་ཞིང་དེར་མནོ་བསམ་གཏོང་བཞིན་ཡོད་ཚེ། ཁྱེད་ཀྱི་ཚོང་ལས་བྱ་བཞག་གཞན་ལས་ཀྱང་ལམ་ལྷོང་ཡོང་བར་ཡིད་ཆེས་བྱེད་ཆོག ད་དུང་རང་ཉིད་ཀྱི་ལས་དོན་ལ་མཚན་ཉིན་དབྱེར་མེད་པར་ལུས་སེམས་གཉིས་ཀྱི་སྒོ་ནས་ནུས་པ་ཡོད་རྒུ་རྩལ་དུ་བཏོན་ཏེ་དཀའ་སྤྱད་བྱེད་པའི་སྙིང་རུས་ཡོད་པ། གཡོལ་ཐབས་བྲལ་བའི་ཕྲག་སྟེང་གི་འགན་འཁྲི་ལྕི་མོ་དག་སྙོམ་སྒྲིག་བྱེད་པའི་བློག་མིག་མངའ་བས་ན། ཁྱེད་ཉིད་ལ་ཚོང་ལས་བྱེད་སྒོ་གསར་འཛུགས་བྱེད་པར་བསམ་བློའི་ཀུན་སློང་ཡང་དག་པ་ཡོད་པ་ཡིན། 

༢.མི་དང་འབྲེལ་འདྲིས་བྱེད་པ།
   གལ་སྲིད་ཁྱེད་ཀྱིས་ཚོང་ལས་བདག་དབང་ནི་རང་ལ་ཕྲག་དོག་ཆེ་བའི་ལས་རོགས་སམ་འགན་འཛིན་སོགས་དང་འབྲེལ་བ་མེད་པར་གུ་ཡངས་དང་རང་དབང་ཞིག་ཏུ་བརྩི་ནུས་ན། ཁྱེད་ལ་བསམ་ཡུལ་ལས་འདས་པའི་མཇུག་འབྲས་ཤིག་ཡོད་ངེས། ཁེ་ལས་པ་ཚོས་དུས་ཚོད་ནམ་ཡོད་ལ་ཆེད་ལས་པ་དང་ཁྲིམས་རྩོད་པ། རྩིས་གཉེར་བ་དང་ཚོང་ཤག་པ། ཚོང་ལས་མ་རྩ་འཛུགས་མཁན་དང་ཚོང་ཟོག་མཁོ་འདོན་བྱེད་མཁན་སོགས་ལས་སྣེ་མི་འདྲ་བའི་མི་སྣ་མང་བོར་འབྲེལ་འདྲིས་ཀྱིས་རང་ཉིད་ཀྱི་ཁེ་ལས་ཐད་ལ་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་བའི་རྒྱུས་ལོན་གནང་གིན་ཡོད། 
༣.རང་ཉིད་གྲ་སྒྲིག་བྱེད་པ། 
   ཁྱེད་རང་དོ་དམ་ཡོད་པའི་ལས་མིའམ་ཚོང་ཟོག་བཙོང་མཁན་ཞིག་ཡིན་ནམ། ཁྱེད་ལ་རང་ཉིད་ཀྱི་ཚོང་ལས་ཀུང་སིའི་ཁྲོམ་ར་དང་རྩིས་ཁྲ་སོགས་ཀུང་སིའི་ཕྱི་ནང་གསེང་གསུམ་ལ་ངེས་ཆ་གསལ་བོ་ཡོད་དམ། གལ་ཏེ་ཁྱེད་ལ་མེད་དུ་མི་རུང་བའི་ཁེ་ལས་ཀྱི་ཁྱད་ནུས་དེ་དག་མི་ལྡན་ཚེ། རང་ཉིད་ཀྱིས་དངོས་སུ་ཚོང་ལས་ལས་སྒོ་འགོ་མ་བརྩམ་གོང་ངེས་པར་དུ་མཁོ་བའི་ཁྱད་ནུས་དེ་ཚོ་འཛོམས་ཐུབ་པ་བྱེད་དགོས། ཚོང་ལས་ཀྱི་ངོ་བོ་འདྲ་བའི་ཀུང་སི་ཞིག་གི་ནང་དུ་དུས་ཚོད་གཏོང་སྟེ་ལས་ཞུགས་བྱེད་པ་དང་རང་ཉིད་ཀྱི་ཀུང་སིར་མཁོ་བའི་ཚོང་ལས་ཀྱི་ཞིབ་ཕྲའི་སྣང་བརྙན་མཐོང་ཐུབ་པ་བྱ་རྒྱུ། ཡང་ན། ཚོང་ལས་ཀུང་སི་ཞིག་ནས་ཚོང་ལས་ལས་གཞིའི་སྐོར་ལ་ལག་ལེན་གྱི་ཉམས་མྱོང་བསོག་ཆེད་གླ་མེད་ཀྱིས་ལས་ཀ་བྱེད་པར་ངོས་ལེན་གནང་དགོས་པ་རེད། 

༤.རྩིས་ཁྲ་ཕྲ་ཞིང་ཞིབ་པ། 
   སྒོར་མོའི་རྩིས་ཁྲ་དང་འབྲེལ་བའི་ཐད་ནས་དྲང་མོ་དྲང་བཞག་བྱེད་པ། ཁྱེད་ལ་མ་རྩ་འཛུགས་པའི་སྒོར་མོ་ཡོད་དམ། ཁྱེད་ཀྱིས་སྒོར་མོ་ཡོད་ཚད་བརླག་ཆོག་གམ། ཁྱེད་རང་གཞན་ལ་བརྟེན་སྲིད་དམ། ཁྱེད་ཀྱིས་ནམ་ཡིན་ན་དཔལ་འབྱོར་ཀྱི་ཉེན་ཁ་སྣ་གཅིག་ཀྱང་བརྒྱུད་པར་དང་ལེན་བྱེད་མི་འདོད་པར་གཡོལ་ནས་ཡོད་དམ། ཁྱེད་རང་སྒོར་མོ་དོ་དམ་ལ་མཁས་སམ། ད་ལྟ་ཁྱེད་ཀྱིས་ཅི་ལྟར་སྒོར་མོ་དོ་དམ་བྱེད་པ་དེས་མ་འོངས་པར་ཁྱེད་རང་དཔལ་འབྱོར་གྱི་འཛིན་སྐྱོང་འགན་འཛིན་ག་འདྲ་ཞིག་ཆགས་མིན་ལ་ཤུགས་རྐྱེན་ཐེབས་ངེས། 

༥.རང་ཉིད་ཀྱི་འགྲན་སྡུར་ངོས་འཛིན་པ། 
   ཁྱེད་ཀྱི་ཁྲོམ་རར་ཚོང་ལས་ཀྱི་སྙན་པའི་གྲགས་པ་རྒྱས་བཞིན་ཡོད་དམ། ཁྱེད་ཀྱི་ཀུང་སིས་ཚོང་ལས་ཀྱི་གྱོང་དང་ཕམ་ཁ་ཏག་ཏག་ཁུར་བཞིན་ནམ། མི་གཞན་གྱིས་ཁྱེད་ཀྱིས་བསྒྲུབ་འདོད་པའི་ཚོང་ལས་ལས་གཞི་དེ་གཉེར་བཞིན་ཡོད་དམ། གལ་ཏེ་མེད་ན་ཅིའི་ཕྱིར་མེད་པ་རེད། རང་ཉིད་ཀྱི་ཚོང་ལས་ལ་ཚོང་རྟགས་ཡག་པོ་ཞིག་བདམས་ནས་མ་དངུལ་འཛུགས་མཁན་མང་བོའི་བློ་འགུག་ཐུབ་པ་བྱེད་དགོས། གཞན་ཁྱེད་ཀྱིས་ཅིའི་ཕྱིར་དང་ཅི་ལྟར་བྱས་ན་གཞི་ནས་རང་ཉིད་ཀྱི་འགྲན་ཟླ་དག་ལས་རྣམ་པར་རྒྱལ་ཐུབ་པ་ཤེས་དགོས་ངེས། 

༦.རང་ཉིད་ཀྱི་ཤོང་ཚད་ངེས་པ། 
   ལེགས་གྲུབ་ཅན་གྱི་ཚོང་ལས་ནི་རང་འགུལ་འཕྲུལ་འཁོར་དང་སྐུ་ཚབ་ལས་མིར་རག་ལས་ཡོད། ཁྱེད་ཀྱིས་ལས་མི་ཚོར་རང་ཉིད་ཀྱི་ལས་དོན་འཁྲིད་ནུས་སམ། གལ་སྲིད། ཁྱེད་ཀྱི་ཚོང་ལས་རང་ཉིད་ཁོ་ནའི་འཇོན་ཐང་དང་ཀླད་པ་ལ་རག་ལས་པ་ཞིག་ཡིན་ཚེ། ཕལ་ཆེར་ཁྱེད་ལ་ལེགས་འགྲུབ་ཡོད་པའི་ལས་ཀ་ཞིག་ཡོད་སྲིད་པ་ལས་ལེགས་འགྲུབ་ལྡན་པའི་ཚོང་ལས་བྱེད་སྒོ་ཞིག་ཡོང་དཀའ་ཚོད་གདའ།

རྩོམ་ཁུངས།  གཞན་ལས་བཏུས།




རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-05-13 ལྟ་ཀློག (8882)