བོད་རིགས་བུ་མོ་མཚོ་མོ་སྐྱིད་ལ་དངུལ་གྱི་རྟགས་མ་ཐོབ་པ།

བོད་རིགས་བུ་མོ་མཚོ་མོ་སྐྱིད་དང་མོའི་རྒྱུག་རྩལ།

         2017-05-03

   སྤྱི་ཟླ༤པའི་ཚེས༢༩ཉིན། ཕ་ཡུལ་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདའ་བཞི་རྫོང་གི་བོད་རིགས་བུ་མོ་མཚོ་མོ་སྐྱིད༼曹茉捷༽ཀྱིས༢༠༡༧ལོའི་ཐེན་ཅིན་རྒྱལ་སྤྱིའི་མ་ལ་སུང་རྒྱང་རྒྱུག་ཁྲོད་ཆུ་ཚོད༢དང་སྐར༣༦སྐར་ཆ༦གི་གྲུབ་འབྲས་ཀྱིས་བུད་མེད་ཚོ་ཁག་ལས་ཨང་གཉིས་པ་བླངས་ཤིང་དངུལ་གྱི་རྟགས་མས་མཚོ་སྔོན་དང་བོད་ཀྱི་གཟི་བརྗིད་སྔར་ལས་གསལ་བར་བྱས།

 

 ཁོ་མོ་རང་ལོ༡༧སྟེང་ཐོག་དང་པོར་མ་ལ་སུང་རྒྱང་རྒྱུག་ཆ་ཚང་ལ་ཞུགས་ཏེ་དངུལ་གྱི་རྟགས་མ་གཅིག་བླངས་མྱོང་ཞིང་རང་ལོ༡༨སྟེང་ཧྲང་ཧེ་རྒྱལ་སྤྱིའི་མ་ལ་སུང་རྒྱང་རྒྱུག་ལམ་ཕྱེད་ཁྲོད་ཨང་དང་པོ་བླངས་ཏེ་རང་གི་ཡིད་ཆེས་དང་ཧུར་བརྩོན་ལ་བདེན་པ་སྤྲད།

  རང་ལོ༢༡པ་སྤྱི་ལོ༢༠༡༣ལོར་སྐབས་བཅུ་གཉིས་པའི་ཡོངས་འདུས་ལུས་རྩལ་འགྲན་ཚོགས་ཆེན་མོ་རུ་བུད་མེད་རྒྱང་རྒྱུག་རྨིད༥༠༠༠ཅན་ལས་དངུལ་གྱི་རྟགས་མ་གཅིག་དང་བུད་མེད་རྒྱང་རྒྱུག་རྨིད༡༠༠༠༠ཅན་ལས་གསེར་གྱི་རྟགས་མ་གཅིག་བཅས་ཀྱི་བྱ་དགའ་བླངས་མྱོང་།

  མདོར་ན་སྤྱི་ལོ་ ༢༠༠༩ ལོ་ནས་ད་ལྟའི་བར་དུ་བོད་མོ་ལུས་རྩལ་པ་མཚོ་མོ་སྐྱིད་ཀྱིས་སྔ་རྗེས་སུ་བྱ་དགའི་རྟགས་མ་ ༢༢ ཙམ་བླངས་པས་ཞིང་ཆེན་གོང་འོག་གི་མགོ་ཁྲིད་པས་བསྟོད་བསྔགས་དང་ལུས་རྩལ་པའི་སྡེ་ཡིས་ཁས་ལེན་དང་གདེང་འཇོག་མི་དམན་པ་ཐོབ།

 

  ཐེངས་འདིའི་འགྲན་བསྡུར་ལ་རྒྱལ་ཁ་བླངས་རྗེས་ཁོ་མོས་བཤད་རྒྱུར། "ཐེངས་འདིར་དངུལ་རྟགས་འཐོབ་པ་དང་མཚོ་སྔོན་མི་དམངས་ལ་གཟི་བརྗིད་སྣོན་པའི་གོ་སྐབས་ཐོབ་པ་ནི་རང་གི་གཟི་བརྗིད་དུ་བསམ་ཡོད། ཕ་ཡུལ་གྱི་མི་རྣམ་པའི་རྒྱབ་སྐྱོར་ལ་བཀའ་དྲིན་ཆེ་ཞུ་བ་དང་ད་རུང་མུ་མཐུད་དུ་འབད་པ་བྱས་ཏེ་རང་གི་གྲུབ་འབྲས་ཀྱིས་ཕ་ཡུལ་གྱི་མི་དམངས་ལ་དྲིན་ལན་འབུལ་རྒྱུ་ཡིན་"ཟེར།

གསར་འགྱུར་མཁོ་སྤྲོད་པ།  གསར་འགོད་པ།  རྒྱལ་ཚང་བ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-05-08 ལྟ་ཀློག (3655)