གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུས་པ།


གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུས་པ།

  ༢༠༡༧ ལོའི་སྤྱི་ཟླ་༤ བའི་ཚེས་༣༠ཉིན་སྟེ་འཛམ་གླིང་ཡིག་གཟུགས་དུས་ཆེན་གྱི་ཉིན་མོའི་སྐབས་དང་བསྟུན་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་སློབ་དཔོན་ཐོན་མི་སམ་བྷོཊའི་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་གྱི་ཆེད་དུ་<ཡིག་གཟུགས་ཐོན་མིའི་མཛུབ་རིས་>ཞེས་པའི་ཡིག་གཟུགས་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ་དང་། ཚོགས་ཐོག་ཏུ་སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གིས་ཉེ་ལམ་སྤྱི་ཟླ་༤་བའི་ཚེས་༡༦ཉིན་བོད་མདོ་དབུས་ཁམས་གསུམ་གྱི་མཁས་པ་མང་བོ་གནའ་མཁར་ཟི་ལིང་དུ་གདན་འཛོམས་ཐོག་གདམས་ཤོག་འཕང་བ་བརྒྱུད་དེ་རིང་གི་ཉིན་མོ་འདི་ནི་བོད་ཀྱི་ཡིག་གཟུགས་དུས་ཆེན་དུ་གཏན་འཁེལ་བྱས་པ་རེད།  ང་ཚོར་མཚོན་ན་དུས་ཆེན་འདི་ཉིད་བརྩི་སྲུང་བྱ་དགོས་པ་ནི་འགན་འཁྲི་བླ་མེད་ཅིག་ཡིན་པ་དང་། སློབ་དཔོན་ཐོན་མིའི་བཀའ་དྲིན་ལ་བརྟེན་ནས་བོད་ཁ་བ་གངས་རིའི་ལྗོངས་སུ་ཡི་གེ་དར་ཁྱབ་ཏུ་ཕྱིན་པར་མ་ཟད་ཡི་གེ་དེ་ལ་བརྟེན་པའི་ཆོས་སྲིད་རིག་གནས་དང་བཅས་པ་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་དར་རྒྱས་ཆེན་པོ་སོང་། དེའི་ཕྱིར་བོད་མི་ཞིག་ལ་མཚོན་ན་སློབ་དཔོན་ཐོན་མིའི་བཀའ་དྲིན་ངོས་ཟིན་དགོས་པ་དང་། བཀའ་དྲིན་རྗེས་སུ་དྲན་པར་བྱེད་དགོས་པ་སོགས་ཀྱི་ལམ་སྟོན་བསླབ་བྱ་མང་དུ་གནང་བ་དང་།

  སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་ཡིག་གཟུགས་བྱུང་འཕེལ་གྱི་ལོ་རྒྱུས་དང་འབྲེལ་བའི་སྒོ་ནས་གསུང་བཤད་གནད་དུ་འཁེལ་བ་མང་དུ་གནང་བར་མ་ཟད། བོད་ཁ་བ་གངས་རིའི་ལྗོངས་ཀྱི་ཆོས་སྲིད་རིག་གནས་ཀྱི་རྩ་བར་གྱུར་ཅིང་བགྲང་བྱ་གཅིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ། དབྱངས་གསལ་སོ་བཞི་ལས་གྲུབ་པའི་སློབ་དཔོན་ཐོན་མིའི་བྲིས་རྒྱུན་གཙོས་ཁོང་གི་ཐུགས་བསྐྱེད་ཡོངས་སུ་རྫོགས་པ་འཛམ་གླིང་རང་བཞིན་དུ་འགྱུར་བའི་སྨོན་འདུན་ཞུས་པའོ།།

སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གིས་ཕྱག་བྲིས་གནང་བཞིན་པ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་ཕྱག་བྲིས་གནང་བཞིན་པ།

དགེ་རྒན་མགོན་པོ་སྐྱབས་ལགས་ཀྱིས་ཕྱག་བྲིས་གནང་བཞིན་པ།

སློབ་མས་བྲིས་པའི་ཡིག་གཟུགས་བརྩམས་ཆོས།

དགེ་རྒན་རྣམས་ཀྱིས་སློབ་མའི་ཡིག་གཟུགས་ལ་དཔྱད་འདེམས་བྱེད་བཞིན་པ།


ཡིག་གཟུགས་ལེགས་པའི་སློབ་མར་བྱ་དགའ་གནང་བཞིན་པ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-04-30 ལྟ་ཀློག (6446)