ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འབྲུ་འགྲེལ་སྐལ་ལྡན་རི་སྐྱེས་འགུགས་པའི་གླིང་བུ། ༤

༅།  །ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འབྲུ་འགྲེལ་སྐལ་ལྡན་རི་སྐྱེས་འགུགས་པའི་གླིང་བུ།

རྩོམ་པ་བོ། ལྡོང་ཡོན་ཏན་རྒྱ་མཚོ།

བརྒྱད་པ། བཅོམ་ལྡན་འདས་ཁོ་ན་མཐར་ཐུག་གི་སྐྱབས་སུ་བསྟན་པ།

རྩ་བར།

གང་ཞིག་རྩེ་གསུམ་མི་བསྣམས་ཆགས་བཅས་མཆན་ན་ཆུང་མ་མེད། །

འཁོར་ལོ་མདུང་ཐུང་རྡོ་རྗེ་དྲག་པོ་དང་ནི་གཤོལ་མི་བསྣམས། །

ཉོན་མོངས་རྣམ་གྲོལ་མཁས་པ་གཞན་ལ་ཕན་འདོགས་རྣམ་པར་བརྩོན། །

འཇིག་རྟེན་མཉམ་མེད་སྐྱབས་གྱུར་དྲང་སྲོང་དེ་ལ་འདིར་ནི་སྐྱབས་སུ་མཆི།

  ཞེས་གསུངས་ཏེ། དོན་ནི། གང་ཞིག་སངས་རྒྱས་བཅོམ་ལྡན་འདས་མཆོག་གིས་ནི་ལྷ་ཆེན་དབང་ཕྱུག་བཞིན་ཞེ་སྡངགིས་བསྐུལ་ཏེ་ཕྱག་ཏུ་མདུང་རྩེ་གསུམ་མི་བསྣམས་ཤིང་། འདོད་ཆགས་དང་བཅས་པར་མཆན་ན་ཆུང་མ་མེད་པ་སྟེ་པང་དུ་བུད་མེད་ལ་འཁྱུད་ནས་མི་འདུག་པ་དང་། ཁྱབ་འཇུག་བཞིན་འཁོར་ལོའི་མཚོན་དང་། གཞོན་ནུ་གདོང་དྲུག་ལྟར་མདུང་ཐུང་དང་། བརྒྱ་བྱིན་དང་མཚུངས་པར་རྡོ་རྗེ་དྲག་པོ་དང་ནི་།སྟོབས་ཅན་ལྟ་བུར་ཐོང་གཤོལ་གྱི་མཚོན་ཆ་སོགས་གཏན་ནས་མི་བསྣམས་སོ། ། ཅིའི་ཕྱིར་མཚོན་ཆ་དེ་དག་ཕྱག་ཏུ་འཆང་བར་མི་བྱེད་ཅེ་ན། རྗེ་ཐམས་ཅད་མཁྱེན་པས། མདའ་མཚོན་གོ་ཆ་མ་བཟུང་བར། །རང་ཉིད་གཅིག་བུས་བྱེ་བའི་བདུད། །མ་ལུས་ཕམ་མཛད་གཡུལ་གྱི་ལས། །ཁྱོད་ལས་གཞན་པ་སུ་ཡིས་ཤེས། །ཞེས་གསུངས་པ་ལྟར། སྟོན་པ་ཐུབ་པའི་དབང་བོ་མཆོག་ནི་འདོད་ཆགས་ལ་སོགས་ཉོན་མོངས་པའི་སྒྲིབ་པ་དང་མི་ཤེས་པའི་རྒྱུ་བཞིའམ་བདེན་འཛིན་གྱི་བག་ཆགས་དང་དེའི་འབྲས་བུ་གཉིས་སྣང་འཁྲུལ་བའི་ཆ་རྣམས་ཏེ་ཤེས་བྱའི་སྒྲིབ་པ་མཐའ་དག་ལས་རྣམ་པར་གྲོལ་ཞིང་།མཁས་པ་སོགས་སྐྱེ་བོ་གཞན་ལ་ཉེ་རིང་དང་ལན་ལ་ལྟོས་པ་མེད་པའི་སྒོ་ནས་ཕན་འདོགས་པའི་ལས་ཁོ་ན་ལ་གཅིག་ཏུ་རྣམ་པར་བརྩོན་པ་ཡིན་ཏེ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །  དེས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པའི་མཉམ་མེད་ཐུབ་པའི་དབང་བོ། སྡིག་པ་མི་དགེ་བའི་དངོས་པོ་འཇིག་ཅིང་དེངས་པར་བྱེད་པས་ན་བསླུ་བ་མེད་པའི་སྐྱབས་གནས་ཡང་དག་པར་གྱུར་བ། སྒོ་གསུམ་དྲང་བོར་སྲོང་བའི་སྟོན་པ་ཆེན་པོ་དེ་ལ་འདིར་བདག་སློབ་དཔོན་བདེ་བྱེད་བདག་པོས་ནི་ཁ་ཙམ་ཚིག་ཙམ་མ་ཡིན་པར་སྙིང་ཐག་པ་ནས་སྐྱབས་སུ་མཆི་བ་ཡིན་ནོ། །ཞེས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཁོ་ན་མཐར་ཐུག་གི་སྐྱབས་སུ་བསྟན་པའོ། །


དགུ་བ། ཉེས་པས་དག་པའི་བཅོམ་ལྡན་འདས་ཉིད་ཕུལ་དུ་བྱུང་ཚུལ་བསྟན་པ། 

རྩ་བར། 

ལྷ་ཆེན་འདོད་ཆགས་དབང་གྱུར་ངོ་ཚ་སྤངས་ཤིང་ཅོ་འདྲི་ཆུང་མ་ལེན་པར་བྱེད། །

ཁྱབ་འཇུག་ལྷག་པར་གཏུམ་ཞིང་བྱས་པ་ཆུད་གཟོན་སྐེམ་བྱེད་རང་གི་གཉེན་ཡང་ གསོད། །

དཀའ་བཟློག་ཁྲོ་ཞིང་མ་ཧེ་གསོད་བྱེད་མ་མོ་རྣམས་ནི་མི་ཡི་ཤ་ཚིལ་ཟ། །

ལོག་འདྲེན་ཆང་དད་ཆེ་ཡི་སྟོབས་བཅུ་ལྡན་ལ་ཉེས་པ་ཆུང་ངུའང་འགའ་མི་མངའ། །

   ཞེས་གསུངས་ཏེ། དོན་ནི།ལྷ་ཆེན་པོ་དབང་ཕྱུག་ནི་འདོད་པའི་འདོད་ཆགས་ཀྱི་དབང་དུ་གྱུར་ཏེ་རང་རྒྱུ་མཚན་དུ་བྱས་པའི་ངོ་ཚ་རྩ་བ་ནས་སྤངས་ཤིང་སྟེ་ངོ་ཚ་བ་དང་ཡ་ང་བ་སོགས་ཅི་ཡང་མེད་པར། གཞན་ལ་ཅོ་འདྲི་བ་སྟེ་ཚངས་པའི་སྟེང་གདོང་སེན་མོས་བཅད་པ་ལྟ་བུ་ཞེ་སྡང་གིས་གསོད་པ་སོགས་ཉེ་བར་འཚེ་བའི་བདག་ཉིད་ཅན་དང་། ཁྱད་པར་འཕགས་བསྟོད་ལས། ལྷ་ཆེན་ཐིག་ལེ་མཆོག་མ་ལ། །ཆགས་པ་སྐྱེས་པས་གདོང་བཞི་བྱུང་། ། ཞེས་པ་ལྟར་ཐིག་ལེ་མཆོག་མ་དང་དྲང་སྲོང་སོགས་གཞན་གྱི་བུད་མེད་དང་ཆུང་མ་ལ་ཆགས་ཤིང་དེ་གཏན་གྲོགས་སུ་ལེན་པར་བྱེད་པའི་ཐ་ཤལ་གྱི་སྤྱོད་པ་ཅན་ཡིན་ཏེ། ཇི་སྐད་དུ།འདོད་པས་ངོ་ཚ་འཇོམས་བྱེད་དེ། །ཞེས་པ་ལྟར་རོ། །

འཇིག་རྟེན་གྱི་ལྷ་དབང་ཆེ་བར་གྲགས་པའི་ཁྱབ་འཇུག་ནི་ལྷག་པར་དུ་གཏུམ་དྲག་ཆེ་ཞིང་། སྔོན་ལྷ་མ་ཡིན་གྱི་རྒྱལ་བོ་སྟོབས་ལྡན་ཞེས་ཁམས་གསུམ་དབང་དུ་བྱེད་ནུས་པ། སྐྱེས་བུའི་རྩལ་ཆེན་པོ་དང་ལྡན་པ་དེ་རྟའི་མཆོད་སྦྱིན་བྱེད་པའི་བརྟུལ་ཞུགས་ལ་གནས་པའི་ཚེ། ཁྱབ་འཇུག་གིས་གཡོ་ཐབས་ཀྱི་བསམ་པས་བྲམ་ཟེ་སློང་མོ་བའི་ཆ་བྱད་ཀྱིས་དེར་སོང་བ་ན། ལྷ་མ་ཡིན་གྱི་རྒྱལ་བོ་སྟོབས་ལྡན་གྱིས་ཁྱོད་ཀྱི་མིང་ལ་ཅི་ཟེར། གནས་འདིར་ཅིའི་ཕྱིར་དུ་འོང་། དངོས་པོ་ཅི་འདོད་ཅེས་ལེགས་པར་དྲིས་པས། བྲམ་ཟེས་ངས་ཕ་མེས་ཀྱི་དོན་དུ་མཆོད་སྦྱིན་བྱེད་འདོད་པས་ས་གཞི་གོམ་པ་གཉིས་ཀྱི་ཚད་སློང་བར་འོང་ངོ་ཞེས་ཉམ་ཆུང་ཆུང་གིས་ཞུས་སོ། །རྒྱལ་བོ་སྟོབས་ལྡན་གྱིས་ཁྱོད་ལ་ས་དེ་ཙམ་གྱིས་མི་ཕན་པས། རྟ་དང་གླང་བོ་ཆེ། ཤིང་རྟ་དང་གསེར་དངུལ་སོགས་རིན་པོ་ཆེའི་དངོས་པོ་གང་འདོད་སྣ་ཚོགས་ལོངས་ཤིག་དང་ངས་ཁྱོད་ལ་སེར་སྣ་མེད་པར་སྦྱིན་ནོ་ཞེས་སྨྲས་ཀྱང་མ་འདོད་པས། འོ་ན་ས་གོམ་པ་གསུམ་ཙམ་ལོངས་ཤིག་ཅེས་ཁས་བླངས་སོ། །བྲམ་ཟེ་དགའ་སྟེ་གློ་བུར་དུ་ཁྱབ་འཇུག་རང་གི་གཟུགས་ཆེན་པོས་གོམ་པ་གཉིས་བོར་བས་ཁམས་གསུམ་གྱི་ས་ལས་བརྒལ་ཏེ་གོམ་པ་གསུམ་པས་རྒྱལ་བོ་སྟོབས་ལྡན་ས་འོག་ཏུ་བཅུག་ཅིང་དེའི་རྒྱལ་སྲིད་ཉམས་པར་བཏང་བ་སོགས་དྲིན་བྱས་པ་ཆུད་གཟོན་པ་སྟེ་འཕྲོ་བརླག་ཏུ་གཏོང་བ་སོགས་ཁྲེལ་མེད་པའོ། ། 

སྨིན་དྲུག་དང་མེ་ལྷ་གཉིས་ཀྱི་བུ་སྐེམ་བྱེད་དམ་གཞོན་ནུ་གདོང་དྲུག་ཏུ་འབོད་པ་དེས་ལྷ་མིན་སྐར་མ་ཚར་བཅད་རྗེས་དེའི་འཁོར་དག་སྐེམ་བྱེད་ཀྱི་ཞང་བོ་ཀྲུང་ཀྲུང་ལ་སྐྱབས་སུ་སོང་བས་ཁོས་རང་གི་གཉེན་ཞང་བོ་ཀྲུང་ཀྲུང་ཡང་གསོད་པ་ལ་བག་ཚ་བ་མེད་པར་མདུང་གིས་བཀུམ་པ་སོགས་སྙིང་རྗེ་མེད་པ་དང་། དབང་ཕྱུག་གི་དཀའ་ཐུབ་བཟློག་པ་ལ་དབང་བའི་ལྷ་མོ་ཨུ་མ་ནི་བུད་མེད་གཞན་ལྟར་བརྩེ་གདུང་ཅན་ཞིག་མ་ཡིན་པར་ཁོང་ཁྲོ་ཤིན་ཏུ་ཆེ་ཞིང་ལྷ་མ་ཡིན་མ་ཧེ་གསོད་པར་བྱེད་པ་སོགས་གདུག་རྩུབ་དང་ལྡན་པ་སྟེ། སྔོན་ལྷ་མ་ཡིན་མ་ཧེ་ཞེས་བྱ་བས་ལོ་ལྔ་བརྒྱའི་བར་དུ་དཀའ་ཐུབ་བརྟེན་ནས་ལྷ་ཆེན་པོ་མགུ་བར་བྱས་ཏེ་སྐྱེས་བུ་གསོད་པའི་མདུང་ཐུང་བླངས་ཤིང་ལྷ་རྣམས་ལ་གཙེས་པས། ལྷ་རྣམས་ཀྱིས་ལྷ་མོ་ཨུ་མར་ལྷ་མ་ཡིན་མ་ཧེ་གསོད་པའི་གསོལ་བ་བཏབ་པོ། །ཨུ་མས་དཀའ་ཐུབ་བརྟེན་ནས་ལྷ་ཆེན་པོ་མགུ་བར་བྱས་ཏེ་མདུང་རྩེ་གསུམ་པ་ཐོབ་པས་གཡུལ་མང་དུ་བཀྱེས་མཐར་ལྷ་མ་ཡིན་མ་ཧེ་བསད་ཅིང་དེའི་མཚོན་ཆ་གཞོན་ནུ་སྐེམ་བྱེད་ལ་བྱིན་པར་གྲགས་སོ། །

ཚངས་མོ་དང་། དྲག་མོ་དང་། ཁྱབ་འཇུག་མ་དང་། གཞོན་ནུ་མ་དང་། དབང་མོ་དང་། ཀུ་བཻ་རི་དང་། ཕག་མོ་དང་། ཙ་མཎྡི་དང་བརྒྱད་བཅས་ལྷའི་སྡེར་གཏོགས་པའི་མ་མོ་རྣམས་ནི་མི་ཡི་ཤ་དང་ཚིལ་ཟ་ཞིང་དེ་ལ་ལོངས་སྤྱོད་པས་གཏུམ་དྲག་ཆེ་བ་ དང་། དབང་ཕྱུག་གི་བུ་ཆེ་བ་དང་བགེགས་ཀྱི་གཙོ་བོར་གྲགས་པ་ལོག་འདྲེན་ནམ་ཚོགས་བདག་གླང་སྣ་ཅན་ནི་གླང་བོ་ཆེ་གཞན་དག་དང་མཚུངས་པར་ཆང་ལ་སྲེད་ཅིང་ཆང་དད་ཆེ་བ་ཡི་སོགས་དེ་དག་ལ་ཉེས་པའི་ཆ་དུ་མ་དང་ལྡན་མོད།   

བདེན་པ་བོའི་ལེའུ་ལས། ནད་དང་མྱ་ངན་རྣམ་པ་མང་དག་གིས། །ཤིན་ཏུ་གཙེས་པའི་སྐྱེ་དགུ་ཉོན་མོངས་རྣམས། །གཟིགས་ནས་སྡུག་བསྔལ་མ་ལུས་བསལ་སླད་དུ། །སྟོབས་བཅུ་མངའ་བའི་ཐུགས་རྗེ་རབ་ཏུ་སྐྱེ། །ཐུབ་པའི་ཐུགས་རྗེ་ཆེན་པོ་རྟག་འབྱུང་སྟེ། །དེ་མི་འབྱུང་བ་ནམ་ཡང་སྲིད་མི་འགྱུར། །འགྲོ་བ་ཀུན་གྱི་བསམ་པར་གནས་པ་སྟེ། །དེ་བས་སངས་རྒྱས་དེ་ལ་སྐྱོན་མི་མངའ། །ཞེས་གསུངས་པ་བཞིན།    ༡ ལས་དགེ་སྡིག་ལས་རིམ་པ་བཞིན་རྣམ་སྨིན་བདེ་སྡུག་འབྱུང་བ་གནས་དང་དེ་ལས་གོ་ལྡོག་པ་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ༢ ལས་ཇི་འདྲ་བ་ལས་རྣམ་སྨིན་ཇི་འདྲ་བ་འབྱུང་བ་མཁྱེན་པའི་སྟོབས། ༣ སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས།   ༤ སེམས་ཅན་རྣམས་ཀྱི་ཆོས་ཉིད་ཀྱི་ཁམས་དང་རྒྱས་འགྱུར་གྱི་རིགས་སོགས་ཁམས་སྣ་ཚོགས་མཁྱེན་པའི་སྟོབས། ༥ སེམས་ཅན་རྣམས་ཀྱི་དབང་བོ་རྣོ་འབྲིང་རྟུལ་བོ་སོགས་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས། ༦ འགྲོ་བ་རིགས་དྲུག་ཏུ་འགྲོ་བའི་ལམ་དང་བྱང་ཆུབ་གསུམ་དུ་འགྲོ་བའི་ལམ་སོགས་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས། ༧ ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས། ༨ སེམས་ཅན་རྣམས་ཀྱི་སྔོན་གྱི་སྐྱེ་གནས་སོགས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས།  ༩ སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་གང་དུ་སྐྱེས་པ་མཁྱེན་པའི་སྟོབས། ༡༠ ཉན་རང་དགྲ་བཅོམ་པ་དག་གི་ཉོན་མོངས་པའི་ཟག་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་སྒྲིབ་གཉིས་ཟད་པ་མཁྱེན་པའི་སྟོབས་བཅས་གདུལ་བྱའི་དོན་མ་ཚང་བ་མེད་པར་སྒྲུབ་ནུས་པས་སམ། མི་མཐུན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཞིང་། དེས་མི་བརྫི་བའི་སྟོབས་བཅུའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་སྟོན་པ་ཐུགས་རྗེ་ཅན་ཁོང་ལ་ནི། ལྷ་ཆེན་པོ་དེ་དག་དང་འདྲ་བར་སྒོ་གསུམ་གྱི་ཉེས་པ་ཆུང་ངུའང་ཙམ་མམ་འགའ་ཡང་མི་མངའ་བའམ་མེད་དེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྒྲིབ་གཉིས་བག་ཆགས་དང་བཅས་པ་རྩད་ནས་སྤངས་ཟིན་པའི་ཕྱིར་རོ། ། ཞེས་པའོ། །


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-04-25 ལྟ་ཀློག (4930)