འཛམ་གླིང་དཔེ་ཀློག་ཉིན་མོ་ལ་རྗེས་དྲན་བྱེད།

འཛམ་གླིང་དཔེ་ཀློག་ཉིན་མོ་ལ་རྗེས་དྲན་བྱེད།   

རྩོམ་པ་བོ། རྭ་རྒྱ་འཇིགས་མེད་རྒྱལ་མཚན།

དཔེ་ཀློག་སྐྱོ་ངལ་སེལ་བའི་སྨན་མཆོག་ཡིན། །
དཔེ་ཀློག་གཅིག་པུར་སྡོད་པའི་གྲོགས་མཆོག་ཡིན། །
དཔེ་ཀློག་འདི་ཕྱིའི་ལམ་གྱི་དེད་དཔོན་ཡིན། །
དཔེ་ཀློག་རྨོངས་མུན་འཇོམས་པའི་སྒྲོན་མེ་ཡིན། །


དཔེ་ངན་རང་སེམས་སླུ་བའི་གཡབ་མོ་ཡིན། །
དཔེ་བཟང་བླངས་དོར་འབྱེད་པའི་ལྡེ་མིག་ཡིན། །
དཔེ་གཟིགས་འབྲས་བུ་དཔེ་ཆའི་བཟང་ངན་ཡིན། །
དཔེ་ལ་བླངས་དོར་འབྱེད་པ་གནད་མཆོག་ཡིན། །


འཛམ་གླིང་དཔེ་ཀློག་ཉིན་མོའི་དུས་ཀྱི་ཆར། །
ཤེས་མེད་མགོ་དཀར་བཙུན་གཟུགས་ཐ་ཆུང་གིས། །
ཤེས་རིག་འོད་ལ་བསྙེག་པའི་ན་གཞོན་ཚོར། །
དཔེ་ཀློག་རིན་ཐང་སྔོག་ཆེད་གང་བསམ་བྲིས།  །


རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས། ༢༠༡༧.༤.༢༣


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-04-23 ལྟ་ཀློག (3834)