དཔེ་ཀློག་དུས་ཆེན་ལ་ཐོལ་བྱུང་དུ་བྲིས་པའི་སྙིང་གཏམ།

དཔེ་ཀློག་དུས་ཆེན་ལ་ཐོལ་བྱུང་དུ་བྲིས་པའི་སྙིང་གཏམ།

རྩོམ་པ་བོ། བཛྲ་ཚུལ་ཁྲིམས་རྒྱ་མཚོ།


ཀྱེ་ཀྱེ་ཆོས་མཐུན་གྲོགས་རྣམས་སྤྲོ་དགའི་ངང་།།

འཛམ་གླིང་དཔེ་ཀློག་ཉིན་མོར་དཔེ་ཀློག་འཚལ།།

དཔེ་ཆའི་ནང་ན་རིན་ཆེན་གསེར་དངུལ་གྱིས།།

མི་ཁུག་ཤེས་རིག་ནོར་བུའི་གཏེར་ཁ་ཡོད།།

ལུས་ལ་གཟི་མདངས་འདོད་ན་དཔེ་ཆར་ལྟོས།།

ངག་ལ་སྨྲ་མཁས་འདོད་ན་དཔེ་ཆར་ལྟོས།།

ཡིད་ལ་བློ་རིག་འདོད་ན་དཔེ་ཆར་ལྟོས།།

ལུས་ངག་ཡིད་གསུམ་ཕྱྭ་གཡང་དཔེ་ཆས་འགུག།

དཔེ་ཆ་ཟེར་ཡང་བཟང་ངན་སྣ་ཚོགས་ཡོད།།

ཀློག་ན་ཕན་གནོད་མི་འདྲ་ཁ་ཁ་ཡིན།།

ཡ་རབས་ཚུལ་མཐུན་བློ་གསལ་གྲོགས་པོ་ཚོ།།

དེ་ཕྱིར་དཔེ་ཆར་བླང་དོར་ཤེས་པ་གཅེས།།

དོན་མེད་དཔེ་ཀློག་དལ་འབྱོར་ཆུད་ཟོས་ཡིན།།

ངན་གཡོའི་དཔེ་ཀློག་འཆམ་མཐུན་དགྲ་བོ་ཡིན།།

ཐོས་པ་ལྷུར་ལེན་རིག་པ་འཆལ་བྱེད་ཡིན།།

དེ་ཕྱིར་བཀླག་བའི་དཔེ་ཆ་འདེམས་པ་གཅེས།།

དོན་ལྡན་དཔེ་ཆས་དལ་འབྱོར་དོན་ཡོད་བྱེད།།

དམ་པའི་དཔེ་ཆས་བརྩེ་བ་འཕེལ་བར་བྱེད།།

ཆོས་མཐུན་དཔེ་ཆས་འདི་ཕྱིའི་དོན་ཀུན་འགྲུབ།།

དེ་ཕྱིར་བཀླག་བའི་དཔེ་ཆ་འདེམ་པ་གཅེས།།

གཟུར་གནས་བློ་ལྡན་དོན་གཉེར་ཅན་གྱི་གྲོགས།།

རང་དགར་མ་འདུག་ཚད་ལྡན་དཔེ་ཆར་གཟིགས།།

གནས་དང་གནས་མིན་ཇི་བཞིན་དེ་ནས་ཤེས།།

ཚུལ་དང་ཚུལ་མིན་གནས་ལུགས་དེ་ན་གསལ།།

ཇི་ལྟར་ཇ་དད་ཆེ་རྣམས་ཇ་ལ་བཞིན།།

དོན་ལྡན་དཔེ་ཀློག་བྱེད་པའང་རྒྱུན་ལྡན་གྱི།།

འཚོ་བའི་གཤིས་ལ་གོམས་པར་གནང་མཛོད་དང་།།

ཡོན་ཏན་ནོར་བུའི་རྒྱན་ཆ་རང་གྲུབ་ཡིན།།

འཛམ་གླིང་དཔེ་ཀློག་དུས་བཟང་དགེ་བའི་ཉིན།།

ངག་རིག་སྨྲ་བ་ཀུན་གྱི་གྲལ་མཐའ་བ།།

བཛྲ་ཚུལ་ཁྲིམས་ཞེས་བྱའི་དགེ་སྦྱོང་དེས།།

བཀྲ་ཤིས་འཁྱིལ་ནས་བཀྲ་ཤིས་སྐྱེས་འདི་ཕུལ།།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-04-23 ལྟ་ཀློག (6191)