༧རྗེ་བཙུན་འཇིགས་མེད་དཔལ་ལྡན་རྒྱ་མཚོ་མཆོག་གི་མཛད་འཕྲིན་ཁག་ཅིག

༧རྗེ་བཙུན་འཇིགས་མེད་དཔལ་ལྡན་རྒྱ་མཚོ་མཆོག་མདོ་སྨད་ཀླུ་ཚང་དགོན་དུ་ཕེབས་པ།


   མདོ་སྨད་ཀྱི་ཆོས་སྡེ་ཆེན་མོ་ཀླུ་ཚང་དགོན་ཆེན་གྱི་གྲྭ་ཚང་ཐུན་མོང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་༢༠༡༧ ལོའི་སྤྱི་ཟླ་༤ བའི་ཚེས་༡༧ཉིན་མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ་ལ་མངའ་བརྙེས་པའི་ངེས་དོན་གྱི་བཤེས་གཉེན་ཆེན་མོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་༧རྗེ་བཙུན་འཇིགས་མེད་དཔལ་ལྡན་རྒྱ་མཚོ་དཔལ་བཟང་བོ་མཆོག་ཀླུ་ཚང་དགོན་དུ་ཞབས་སོར་བདེ་བར་འཁོད་ཅིང་།   ཚེས་བཅོ་བརྒྱད་ཉིན་ནས་བཟུང་ཉིན་ལྔ་ལྷག་གི་རིང་ཀླུ་ཚང་དགོན་གྱི་དགེ་འདུན་འདུས་པ་རྒྱ་མཚོ་གཙོ་བྱས་ཏེ་ཕྱོགས་སོ་སོ་ནས་ཕེབས་པའི་བླ་སྤྲུལ་སོགས་གྲྭ་བཙུན་བདུན་བརྒྱ་ལྷག་དང་། དད་ལྡན་ཆོས་ཞུ་བ་མང་བོར་རྗེ་ཐམས་ཅད་མཁྱེན་པས་མཛད་པའི་སྐྱེས་བུ་གསུམ་གྱི་ཉམས་སུ་བླང་བྱའི་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་དང་།  སྐྱབས་འགྲོའི་བསླབ་བྱ། དཔལ་ཡེ་ཤེས་ཡོན་ཏན་བཟང་བོའི་ལྗགས་ལུང་སོགས་ཟབ་རྒྱས་ཆོས་ཀྱི་བདུད་རྩི་ཅི་དགར་བསྩལ་བའོ།།

མདོ་སྨད་ཀླུ་ཚང་དགོན་ཆེན།

གྲྭ་ཚང་གིས་ཁོང་ལ་ཕེབས་བསུ་མཛད་པ།

ཕེབས་བསུ་བྱེད་བཞིན་པ།

བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་གནང་བཞིན་པ།


དཔལ་ལྡན་ལྷ་མོའི་ལབ་ཙེ་ལ་གཟིགས་ཞིབ་ཏུ་ཕེབས་པ།

    ༢༠༡༧ལོའི་སྤྱི་ཟླ་༤བའི་ཚེས་༢༠ཉིན་མཚོ་ལྷོ་ཁུལ་མང་རྫོང་ཁ་ཀྱཱ་སྡེ་བའི་སེར་སྐྱ་ཐུན་མོང་གིས་ཡང་ཡང་གསོལ་བ་བཏབ་པ་བཞིན་ཀླུ་ཚང་དགོན་པའི་༧རྙེ་མཆོག་སྤྲུལ་ཚང་དང་ཨ་ལགས་འཇམ་མོ་ཚང་།  ཨ་ལགས་ཕྱག་ཤུལ་ཚང་། ཨ་ལགས་རུ་སྔུན་ཚང་། དགེ་བཤེས་སྤྲུལ་སྐུ་ཚང་། སྤྲུལ་སྐུ་སྐྱི་ཚང་། སྤྲུལ་སྐུ་རྒྱ་མཚོ་ཚང་།  དགེ་བཤེས་ཡེ་ཤེས་ཟླ་བ། རུ་མང་བསམ་གཏན། འབའ་བརྩོན་འགྲུས།  རྒྱས་བཟའི་བསྟན་འཛིན། བློ་བཟང་བསྟན་དར། འབའ་བསམ་གཏན། རུ་མང་ཐབས་མཁས་སོགས་གྲྭ་བཙུན་བརྒྱ་ཕྲག་ལྷག་ཆེད་ཕེབས་ཀྱིས་དམ་པ་ཁོང་གི་ཐུགས་བཀོད་ལྟར་ཁ་ཀྱཱ་རྟ་ལྗང་གཞུང་གི་ན་སེར་བྱེ་ཐང་དུ་༢༠༡༥ ལོར་གསར་བཞེངས་མཛད་པའི་དཔལ་ལྡན་ལྷ་མོའི་ལབ་ཙེ་ལ་གཟིགས་རྟོགས་གནང་ཞིང་བསང་གསོལ་བཏང་ཏེ་འཕྲིན་བཅོལ་གནང་བ་དང་རབ་གནས་ཀྱི་ཆོ་ག་སྤེལ་བར་མ་ཟད།  ཁ་ཀྱཱ་དགོན་དུ་ཕེབས་ནས་ས་གནས་དད་ལྡན་ཆོས་ཞུ་བ་རྣམས་ལ་སྐྱབས་འགྲོ་དང་དགའ་ལྡན་ལྷ་བརྒྱ་མ་སོགས་ཀྱི་ལྗགས་ལུང་བསྩལ་ཏེ་དེར་བཞུགས་སེར་སྐྱ་ཡོངས་ལ་བཀའ་སློབ་ལམ་སྟོན་གནང་།

བསང་གསོལ་བཏང་སྟེ་འཕྲིན་ལས་བཅོལ་བ་དང་རབ་གནས་མཛད་བཞིན་པ།

དད་ལྡན་ཆོས་ཞུ་བས་ཁ་ཀྱཱ་དགོན་དུ་ཕེབས་བསུ་མཛད་པ།

དད་ལྡན་ཆོས་ཞུ་བར་བཀའ་སློབ་ལམ་སྟོན་གནང་བ།

མགོན་པོའི་ཞལ་ཐང་ལ་སྙན་ཤལ་འཐེན་ཏེ་འཕྲིན་བཅོལ་གནང་བ།

གསོལ་ཇ་གསོལ་བ།


མང་རྫོང་ཐར་ཤུལ་དགོན་དུ་ཕེབས་པ།

༢༠༡༧  ༤ ༢༡ ཉིན་༧ ལ་མོའི་ཡོངས་འཛིན་རིན་པོ་ཆེས་ཕྱག་བཏབ་མཛད་པའི་མང་རྫོང་ཐར་ཤུལ་དགོན་པའི་གྲྭ་ཚང་ཐུན་མོང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་དུ་ཞབས་སོར་བཀོད་དེ།  འཕགས་པ་བཟང་བོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་བོ་སོགས་ཀྱི་ལྗགས་ལུང་བསྩལ་ཞིང་།  ཚེས་༢༢ ཉིན་ཀླུ་ཚང་དགོན་དུ་ཡང་བསྐྱར་བྱང་ཆུབ་ལམ་གྱི་རིམ་པ་ལས་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་ཚུལ་གྱི་རིམ་པའི་བར་གྱི་ཁྲིད་རྒྱུན་ཟབ་མོ་ལེགས་པར་ཐོབ་པ་དང་བཅས་ཐེངས་འདིའི་བཀའ་ཁྲིད་བདེ་བླག་ངང་མཇུག་བསྡུས་ཤིང་། རྗེས་སུ་ཡང་བསྐྱར་བཀའ་ཁྲིད་ཀྱི་མཇུག་སྐྱོང་ཆོག་པའི་ཞལ་བཞེས་ལེགས་པར་ཐོབ་པའི་བཀའ་དྲིན་ཆེན་པོ་བསྩལ་ཏོ།། །།

བཀའ་ཆོས་གནང་བར་སྟ་གོན་བྱས་པ།

ཀླུ་ཚང་དགོན་པའི་ཆོས་ཞུ་བ་རྣམས་ཐར་ཤུལ་དགོན་དུ་ཕེབས་པ།

ཀླུ་ཚང་དགོན་པའི་ཆོས་ཞུ་བ་རྣམས་ཐར་ཤུལ་དགོན་དུ་ཕེབས་པ།


འཇིགས་མེད་རྒྱལ་ཀུན་མཁྱེན་བརྩེའི་ཕུང་བོ་ནི།  །
དུས་མཐར་ངུར་སྨྲིག་དཔལ་ལྡན་ཟློས་གར་གྱིས། །
གདུལ་བྱ་རྒྱ་མཚོའི་མགོན་གཅིག་དགེ་བའི་བཤེས།  །
ད་དུང་བྱང་ཆུབ་བར་དུ་བརྩེ་བས་སྐྱོངས།  །


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-04-22 ལྟ་ཀློག (7952)