སྐྱབས་འགྲོའི་བསླབ་བྱའི་སྡོམ་ཚིག་དྲན་པའི་ཆུ་རྒྱུན་བཞུགས་སོ།།

༄༅།།སྐྱབས་འགྲོའི་བསླབ་བྱའི་སྡོམ་ཚིག་དྲན་པའི་ཆུ་རྒྱུན་བཞུགས་སོ།།

མཛད་པ་བོ། རྗེ་བཙུན་འཇིགས་མེད་དཔལ་ལྡན་རྒྱ་མཚོ།

 དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །

སྐྱབས་སུ་སོངས་པའི་བསླབ་རིམ་ལ། །

བསྡུ་བ་ལས་དང་མན་ངག་གོ །

དང་བོ་ལ་ནི་བརྒྱད་ཡོད་དེ། །

སྐྱེས་བུ་དམ་པ་བསྟེན་པ་དང་། །

དམ་པའི་ཆོས་ནི་ཉན་པ་དང་། །

ཚུལ་བཞིན་ཡིད་ལ་བྱེད་པ་དང་། །

ཆོས་ཀྱི་རྗེས་མཐུན་ཆོས་བསྒྲུབ་དང་། །

།དབང་བོ་མི་རྒོད་བྱ་བ་དང་། །

།བསླབ་གཞི་ཡང་དག་བླངས་པ་དང་། །

སེམས་ཅན་ལ་ནི་སྙིང་བརྩེ་དང་། །

དུས་སུ་དཀོན་མཆོག་མཆོད་ལ་བརྩོན། །

ལྕགས་རི་འདྲ་བའི་བསླབ་བྱ་བརྒྱད། །

མན་ངག་ལས་བྱུང་བསླབ་བྱ་ལ། །

སོ་སོ་དང་ནི་ཐུན་མོང་ངོ་། །

དང་བོ་དགག་པའི་བསླབ་བྱ་དང་། །

སྒྲུབ་པའི་བསླབ་བྱ་གཉིས་ཡོད་དེ། །

ལྷ་གཞན་སྐྱབས་སུ་མི་འགྲོ་དང་། །

སེམས་ཅན་གནོད་འཚེ་སྤོང་བ་དང་། །

མི་སྟེགས་ཅན་དང་མི་འགྲོགས་གསུམ། །

གཉིས་པ་ལ་ཡང་གསུམ་ཡོད་དེ། །

སངས་རྒྱས་སྐུ་གཟུགས་བྲིས་པ་ལ། །

མི་གུས་པ་དང་བརྙས་ཐབས་སྤངས། །

སྟོན་ལྟར་བཀུར་བའི་ཞིང་བཟུང་དང་། །

ཆོས་ཚིག་བཞི་བ་ཡན་ཆད་ལ། །

གླེགས་བམ་གཏར་འཇུག་ལ་སོགས་པའི། །

མ་གུས་སྤོངས་ཏེ་ཆོས་དཀོན་མཆོག །

དེ་ལྟར་གུས་པར་བྱེད་པ་དང་། །

རབ་ཏུ་བྱུང་བའི་རྟགས་ཙམ་ལ། །

རིས་བཅད་དགྲ་ལྟར་མི་བྱ་བར། །

དགེ་འདུན་དཀོན་མཆོག་ལྟར་གུས་བྱེད། །

འདི་གསུམ་སྒྲུབ་པའི་བསླབ་བྱ་འོ། །

སོ་སོའི་བསླབ་བྱའི་དང་བོ་གསུམ། །

མྱ་ངན་འདས་པའི་མདོ་ལས་བཤད། །

སྐྱབས་འགྲོའི་ཡན་ལག་དྲུག་པ་ལས། །

ཕྱི་མ་གསུམ་ནི་གསུངས་པ་འོ། །

གཉིས་པ་ཐུན་མོང་བསླབ་བྱ་དྲུག །

ཡོན་ཏན་དྲན་པས་སྐྱབས་སུ་འགྲོ། །

བཀའ་དྲིན་པས་མཆོད་པར་བྱེད། །

བརྩེ་བས་གཞན་ཡང་སྐྱབས་འགྲོ་འགོད། །

ཅི་བྱ་དཀོན་མཆོག་ཁྱེད་ཉིད་མཁྱེན། །

ཕན་ཡོན་དྲན་པའི་ཉིན་ལན་གསུམ། །

མཚན་ལན་གསུམ་དུ་སྐྱབས་སུ་འགྲོ། །

བཞད་གད་ཙམ་དང་སྲོག་ཕྱིར་ཡང་། །

སྐྱབས་འགྲོ་མི་གཏོང་བསླབ་བྱ་དྲུག །

བསླབ་བྱ་འདི་རྣམས་བསླབ་ནས་ནི། །

རྟག་ཏུ་སྐྱབས་སུ་འགྲོ་བ་དང་། །

དེའི་མཐུས་ཕན་ཡོན་བརྒྱད་ཚན་གཉིས། །

ད་ལྟ་མངོན་དུ་འགྱུར་བར་ཤོག །

ཅེས་པ་འདི་ནི་བཙུན་གཟུགས་འཇིགས་མེད་དཔལ་ལྡན་རྒྱ་མཚོས་བྲིས་པའོ། །

རྩོམ་ཡིག་མཁོ་སྤྲོད་པ། གསར་འགོད་པ་བན་ཤུལ་འབུམ་རྩེ་ཡག།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-04-21 ལྟ་ཀློག (5590)